བོད་ཀྱི་གསོ་རིག་གི་ལག་ལེན་སློབ་གསོའི་ཐད་མཐོང་བའི་༼མེད་སྐྱོན༽བཅུ།

བོད་ཀྱི་གསོ་རིག་གི་ལག་ལེན་སློབ་གསོ་ཚད་ལྡན་ཞིག་ཡོང་དགོས་ན། གསོ་རིག་གི་ཕན་པ་དང་ཡོན་ཏན་ཁོ་ན་མི་བསམ་པར་མི་འདང་ས་དང་སྐྱོན་ཅི་ཡོད་ལ་དྲང་བདེན་གྱི་བསམ་བཞིག་བྱ་དགོས་སྟེ། སྐྱོན་འཚོལ་བའམ་སྐྱོན་བརྗོད་ནི་མ་འོངས་འཕེལ་རྒྱས་ཀྱི་རྨང་གཞི་ཡིན་སྲིད་པས་སོ།།
1. ནད་གཞི་ངོས་འཛིན་སྐབས་སུ་རྩ་ཆུའི་ཞིབ་ཕྲའི་ངོ་སྤྲོད་གཞུང་ལྟར་ཅི་མ་ཅི་བཞིན་མེད་དེ། དཔེར་ན། གནས་སྐབས་དང་རིགས་ཀྱི་ཚ་བ་སོ་སོའི་རྩའི་ངོས་འཛིན་དང་གདོན་ཆུ་འཁྲུལ་མེད་དུ་མ་མོའི་ཆུ་དང་ཀླུའི་གནོད་པའི་ཆུ་འདི་ཞེས་སྟོན་མཁན་མེད་པའོ།།
2. ནད་ཁམས་ངོས་འཛིན་ཕལ་ཆེ་བ་དེང་དུས་འཕྲུལ་ཆས་ལ་བརྟེན་པ་ལས་བོད་ལུགས་རྣལ་མ་མེད་པ། དཔེར་ན། འབྲས་སྐྲན་སོགས་དང་། ཁྲག་ཞག་མཐོ་བའམ་ཁྲག་གར་བ་སོགས་རྩ་ཆུ་ནས་སྟོན་ཐུབ་པ་མེད་པའོ།།
3. རྒྱུད་དུ་བསྟན་པའི་ནད་མང་པོ་ངོ་མི་འཕྲོད་དེ། དཔེར་ན། མཆིན་ནད་༡༨་རྣམས་འདི་དང་འདི་ཞེས་ནད་ཐོག་ངོ་སྤྲོད་མེད་པ། དེང་རབས་སྨན་གྱི་ནད་གཞི་ཁག་གི་མིང་ཡང་བོད་སྨན་ལུགས་ཀྱི་གཅིག་གྱུར་ལྟ་བ་མེད་པའོ།།
4. སྨན་རྫས་ངོ་མ་ཡིན་མིན་དང་ལྷད་ཡོད་མེད་ཀྱི་ཞིབ་བརྟག་མེད་དེ། དཔེར་ན། དེང་དུས་རྒྱ་ནག་ནས་ཐོན་པའི་གཡུ་ཕལ་ཆེ་བ་གཡུ་རྡོའི་ཕྱེ་མ་སྒྲིལ་བ་དེ་རུ་རྫས་འགྱུར་དང་རྡོ་གཞན་གྱི་ལྷད་ཆེ་བར་དོ་སྣང་མེད་པར་གཡུ་རྙིང་སྨན་སྦྱོར་བྱ་བ་དང་། སྨན་རྫས་མང་པོར་ལུགས་འདྲ་མིན་ལས་ཚང་མ་གཅིག་གྱུར་ངོས་འཛིན་མེད་པ། དཔེར་ན། ཁ་ཅིག་བྲག་ཞུན་ཨ་བྲའི་སྐྱག་པར་ངོས་འཛིན་པ་ལྟ་བུ་དེ་ལ་ཞིབ་འཇུག་བྱས་ནས་ཨ་སྐྱག་ལ་ནད་འབུ་ཡོད་པ་བཤད་མཁན་མེད་པའོ།།
5. སྨན་སྦྱོར་རྣམས་ཀྱི་ཕན་ཡོན་ལས་བོད་སྨན་ལ་ཞོར་སྐྱོན་མེད་ཅེས་སྨན་དེ་དག་གིས་ནད་གཞན་དང་ལུས་ཁམས་གང་ལ་གནོད་པའི་བརྟག་དཔྱད་ཞིབ་ཕྲའི་ཞིབ་འཇུག་མེད་པ་དང་། སྨན་གྱི་ཕན་ཡོན་ལ་སྒེར་ལུགས་མང་ཞིང་གཅིག་མཐུན་ལུགས་བཟང་མེད་པའོ།།
6. དེང་རབས་ཀྱི་རྫས་འགྱུར་མི་ཤེས་པར་རྫས་གསར་ཀྱི་སྨན་དང་ཁབ་སོགས་བོད་སྨན་མཉམ་བསྲེས་ཀྱིས་གང་འདོད་སྤྱོད་པ་ལས་དུས་ཡུནརིང་པོར་ཞིབ་ཏུ་བརྟག་མཁན་མེད་པ་དང་། འདི་ནི་ཉེན་ཁ་ཧ་ཅང་ཆེ་བའི་ལས་ཤིག་ཡིན་ནོ།།
7. སྦྱོང་བྱེད་ལས་ལྔའི་སྐོར་ལ་ཁ་བཤད་ཙམ་ལས་ལག་ལེན་དམར་ཁྲིད་ཆ་ཚང་མེད་པ། རྒྱ་གར་ཚེ་རིག་བྱེད་གཞུང་གི་སྣུམ་འཆོས་དང་། ནི་རུ་ཧ། རྩ་སྦྱོང་དང་འཇམ་རྩི་སོགས་ཀྱི་ལག་ལེན་དམར་ཁྲིད་དེང་དུས་ཀྱང་མང་ཡང་བོད་ན་དེ་ལྟར་མེད་པའོ།།
8. རྒྱ་ནག་སྨན་གྱི་ཐུར་མའི་བཅོས་ནི་འཛམ་གླིང་ཀུན་ཏུ་དར་ཞིང་རྒྱུག་ཆེ་ཡང་། བོད་ཀྱི་དཔྱད་མཆོག་ཐུར་དཔྱད་ནི་ཉམས་ཚར་ཞེས་ཚིག་འགྲེལ་ཙམ་ལས་བསྐྱར་གསོའི་ཉམས་ལེན་ཞིབ་འཇུག་མེད་པའོ།།
9. སྨན་རྫས་རྩ་ཆེན། སྐྱེ་དངོས་དཀོན་པ། སྲོག་ཆགས་དང་ཁོར་ཡུག་ལ་བསྲུང་སྐྱོབ་མེད་པ་དང་། སྔོ་སྨན་འདེབས་འཛུག་དང་གསོ་སྐྱོང་ལས་ཀྱང་ཕལ་ཆེར་མེད་པའོ།།
10. བོད་ཀྱི་གསོ་རིག་གི་ཐུན་མིན་ཁྱད་ཆོས་སྨན་སྒྲུབ་ཕྱག་ལེན་མེད་པ་དང་། སྨན་སྔགས་ཟུང་འཇུག་དང་སྨན་རྩིས་ཟུང་འབྲེལ་གྱི་གནད་ཀྱང་སྲོལ་རྒྱུན་ལྟར་མེད་པའོ།།
མེད་པ་བཅུ་འདི་ལ་ཡོད་པ་ཉི་ཤུའི་ཁ་བཤད་ཀྱི་ལན་གྱིས་མི་ཆོག་སྟེ་ལག་ལེན་དང་ཞིབ་འཇུག་བྱ་རྒྱུ་ནི་གལ་ཆེ་ཤོས་དང་གསོ་རིག་འཕེལ་རྒྱས་ཀྱི་རྟེན་ཡིན་ནོ།།
གསོ་རིག་གླིང་པས།

[ཡོང་ཁུངས་། ངེད་དྲ་བ།] [རྩོམ་པ་པོ། གསོ་རིག་གླིང་པ།] [ཟླ་ཚེས། 10-02-03] [ཀློག་གྲངས། ]
དཔྱད་གཏམ།
དཔྱད་གཏམ་སྤེལ་བ།