བོད་ཀྱི་གསོ་རིག་གཞུང་ལུགས་སློབ་གསོའི་ཐད་ཀྱི་མི་འདང་ས་བཅུ།

མ་འོང་བོད་གསོ་རིག་གི་འཕེལ་རྒྱས་ནི་ད་ལྟའི་སློབ་གསོ་ལ་རག་ལས་ཤིང་། དེ་ཚད་ལྡན་ཡོང་ཆེད་ད་ཡོད་ཀྱི་སློབ་གསོའི་ཐད་ཀྱི་ཞན་ཆ་འཚོལ་དགོས། དེ་ནི་ནད་ངོ་གསལ་པོ་ཤེས་རྗེས་གཉེན་པོ་བསྟེན་པ་དང་འདྲ་སྟེ། ནད་ངོས་མ་ཟིན་ན་གཉེན་པོས་ཕན་མི་ཐོག་པའི་དཔེ་དང་མཚུངས་སོ།།
1. སློབ་དེབ་ཁག་ཏུ་རྙིང་བཤད་བསྐྱར་བཟློས་ཀྱིས་དུས་དང་ཁྲིམས་མཐུན་གྱི་འགྲེལ་བཤད་གསར་བ་རྒྱབ་པ་མི་འདང་བ་སྟེ། སྨན་རྫས་སྐོར་ལ་སྟག་རུས། དོམ་མཁྲིས། འཕྱི་ཤ། མི་ཐོད། ཤ་ཆེན་དང་ཚིལ་ཆེན་བསྟན་པ་སོགས་ལ་ངེས་པར་དུ་རང་བྱུང་ཚབ་སྨན་མཁོ་ལ། མིས་བཟོས་གླ་རྩི་དང་གི་ཝང་དང་ག་བུར་སོགས་ལ་ཚན་རིག་བརྟག་དཔྱད་ཞིབ་ཕྲ་མ་བྱས་ན་ཡུན་རིང་ཅན་གྱི་རྫས་དུག་ཡོད་སྲིད། གཞན་བསྲུང་སྐྱོབ་རང་བཞིན་གྱི་རིན་ཆེན་སྨན་དང་། རྡོའི་སྨན། ཤིང་སྨན་དང་སྔོ་སྨན་སོགས་གསལ་བཤད་དང་དེ་དག་ལ་ཚབ་སྨན་དང་། སྨན་རྫས་གང་དག་བསྲུང་སྐྱོབ་ཡིན་པ་དང་ཅི་ལྟར་བསྲུང་སྐྱོབ་བྱ་དགོས་པའི་སློབ་གསོ་སྤྲོད་རྒྱུ་གལ་ཆེ།
ཟས་སྐོམ་སྐོར་གྱི་གསར་འགྲེལ་ནི་གལ་ཤིན་ཏུ་ཆེ་སྟེ། དུས་རབས་༢༡་གི་ཟས་སྐོམ་ནི་དུས་རབས་༨ པར་བསྡུར་ན་ཁྱད་པར་ཧ་ཅང་ཆེ། དེས་ན་དུས་མཐུན་གྱི་ཟས་སྐོམ་ཆ་ཚང་ལ་བོད་གསོ་རིག་གི་རོ་ནུས་ཞུ་རྗེས་ཀྱི་རིག་པས་འགྲེལ་བཤད་བྱ་དགོས་ལ། ནད་གཞི་སོ་སོར་གཏན་འཁེལ་གྱི་ཟས་སྐོམ་སྤྱི་འགྲོས་ཀྱང་དགོས་ངེས་ཡིན། དེ་བཞིན་དུས་མཐུན་གྱི་སྤྱོད་ལམ་ལ་ཡང་ལུགས་མཐུན་གྱི་ཞིབ་འཇུག་བྱེད་དགོས་སོ།།
2. རྒྱུད་ཚིག་བློ་འཛིན་མང་དྲག་ནས་ནང་དོན་ཤེས་པའི་གོ་རྟོགས་མི་འདང་བ་སྟེ། སྤྱིར་བློ་འཛིན་གལ་ཆེ་ཡང་དེ་ཁོ་ན་གཙུག་འཛིན་བྱས་ནས་ནང་དོན་གོ་བ་གཏིང་ཟབ་མ་ལོན་ན་ལག་ལེན་དང་ཞིབ་འཇུག་ཐད་ལ་ཕན་ཐོག་མེད་པའོ།།
3. གསང་དམིགས་དང་རྩ་གནད་སོགས་གསལ་མཚོན་གྱི་དེང་བྲིས་རི་མོ་དང་དཔར་བླང་འགྲེལ་རིས་མི་འདང་བ་སྟེ། དེང་དུས་སྨན་ལུགས་རི་མོ་ཚད་ལྡན་ལ་ཤ་གྲིམས་དང་རུས་སྒྲོམ་དང་ཁྲག་རྩ་སོགས་དེང་རབས་མིང་དང་སྦྱར་ནས་མེ་གསང་དང་གཏར་གསང་གཏན་འཁེལ་མ་བྱུང་པར་རགས་བཤད་ཀྱིས་སོར་ཚད་དང་ཚོན་ཚད་ཙམ་གྱི་འདི་དང་དེ་ཡིན་གྱིས་སློབ་གསོ་ཚད་ལྡན་ཆགས་མི་ཐུབ།།
རྒྱུད་ཐང་གི་རི་མོ་ལ་སྒྱུ་རྩལ་དང་ལོ་རྒྱུས་ཀྱི་རིན་ཐང་ཆེ་ན་ཡང་སློབ་གསོའི་ཆ་ལག་མི་ཡོང་སྟེ་ཚད་གཞི་ངེས་ཅན་མེད་པའོ།།
4. ལུང་འདྲེན་དང་ལུགས་མང་དྲག་ནས་རང་ལུགས་ཀྱི་དོན་མི་གསལ་ལ་ཟུང་འབྲེལ་རིག་པའི་གསལ་བཤད་མི་འདང་བ་སྟེ། སློབ་གསོའི་སྐབས་རང་ལུགས་གསལ་པོ་གཅིག་དགོས་ལ། ལུང་འདྲེན་དང་ལུགས་མང་གོ་བསྡུར་ནི་ཚད་གཞི་ཅན་གྱི་ཞིབ་འཇུག་ནང་དོན་ཡིན།
སྨན་རྩིས་ཟུང་འབྲེལ་ནི་དར་ཆེ་ན་ཡང་སྨན་སྔགས་ཟུང་འབྲེལ་གྱིས་ཀྱང་གསོ་རིག་གཏིང་ཟབ་ཏུ་འགྲེལ་ཐུབ་སྟེ། དཔེར་ན། རླུང་གི་སྐབས་སུ་སྔགས་ལུགས་སུ་གསོ་རིག་ཏུ་མ་བཤད་པའི་ཡེ་ལས་རླུང་དང་། ཡན་ལག་རླུང་ལྔ་དང་འབྱུང་བའི་རླུང་ལྔ་བསྟན་པ་དང་། མདོ་ལུགས་རླུང་རིགས་༧༨་ཙམ་བསྟན་པ་སོགས་ཀྱིས་རླུང་གི་ནང་དོན་གཏིང་ཟབ་ཏུ་རྟོགས་ཐུབ་ལ། གཞན་ས་དཔྱད་དང་སྨན་ཟུང་འབྲེལ་གྱིས་ཀྱང་སྤྱོད་ལམ་གྱི་གོ་རྟོགས་ཆེ་རུ་གཏོང་ཐུབ་པའོ།། 

5. ཀློག་ཀླད་དྲ་ཁྲིད་དང་ བརྙན་ཁྲིད་སོགས་དེང་རབས་ལུགས་ཀྱི་སློབ་ཁྲིད་གོམས་སྲོལ་མི་འདང་བ་སྟེ། དེང་དུས་ཚན་རིག་ལག་རྩལ་དང་བསྟུན་ནས་བོད་སྨན་སློབ་གསོའི་རང་བཞིན་ཡང་དེང་རབས་ཅན་དང་། ཁྱད་པར་མཛུབ་རྡུལ་སློབ་གསོའི་ཅ་ལག་ (Digital Education ) སྐྲུན་རྒྱུ་གལ་ཆེ་བ་ཡིན།།
6. རོ་དངོས་ལས་རོ་བཀྲ་སྦྱང་པ་སོགས་གཞུང་དང་ལག་ལེན་ཟུང་འབྲེལ་གྱི་ལག་ཁྲིད་ཚད་གཞི་མི་འདང་བ་སྟེ། གྲུབ་པ་ལུས་ལ་རོ་དངོས་སམ་སྦྲང་བཟོས་ལུས་ཀྱི་རྩ་དང་གནད་སོགས་ངོས་འཛིན་རང་ལུགས་རྣལ་མ་དགོས།།
7. ཞིབ་འཇུག་དང་ཚོད་ལྟའི་སློབ་གསོ་མི་འདང་བ་སྟེ། སྨན་སྦྱོར་ཚོད་ལྟ་དང་དཔྱད་བཅོས་སྦྱོང་བརྡར་སོགས་རང་འགུལ་དང་ཁྱད་པར་ལག་ལེན་ངེས་པར་མཁོ།།
8. དགེ་སློབ་བར་གྱི་དྲི་བ་དྲིས་ལན་དང་གྲོས་བསྡུར་གྱི་གོ་སྐབས་མི་འདང་བ་སྟེ། དྲི་བ་དང་རྩོད་གླེང་སོགས་དགེ་སློབ་བར་གྱི་དཔྱད་གླེང་ནི་གནད་འགག་གི་དོགས་སེལ་གལ་ཆེ་བས་དགེ་རྒན་ལ་གུས་ཞབས་རྐྱེན་གྱིས་དྲི་བ་དང་དཔྱད་རྩོད་མེད་པ་ལ་སློབ་གསོའི་ནུས་པ་ཞན་སྲིད་པའོ།།
9. རིགས་གཅིག་མཁས་པའི་དམིགས་བསལ་སློབ་ཁྲིད་ཀྱི་ཚད་མི་འདང་བ་སྟེ། ཚད་གཞི་ངེས་ཅན་ལ་སླེབས་པའི་སློབ་མ་ཚོར་རིགས་གཅིག་མཁས་པ་དང་ཞིབ་འཇུག་པས་དམིགས་བསལ་གྱི་རྒྱས་ཁྲིད་མེད་ཚེ་སློབ་གསོ་གཏིང་ཟབ་ཐོབ་དཀའ།།
10. མཉམ་བསྡུར་དང་ཞིབ་འཇུག་སློབ་གསོའི་གོ་སྐབས་མི་འདང་བ་སྟེ། སྤྱིར་གསོ་རིག་ཡོང་ དང་། ཁྱད་པར་ཤར་ཕྱོགས་གསོ་རིག་སྟེ་རྒྱ་ནག་གསོ་རིག་དང་རྒྱ་གར་ཚེའི་རིག་བྱེད་དང་། ཡང་ན། རང་བྱུང་ཚན་རིག་གི་སྨན་ལུགས་གཞན་རྣམས་དང་མཉམ་བསྡུར་གྱི་སློབ་གསོ་ནི་རང་ལུགས་ཤེས་ཞིང་ལྟ་རྒྱ་ཆེ་ལ་རྗེས་ཆར་གྱི་ཞིབ་འཇུག་ལ་ཕན་ཐོག་ཧ་ཅང་ཆེ་ངེས་སོ།།
གསོ་རིག་གླིང་པས་༢༠༡༠ ཟླ་༢་ལ་བྲིས།
 

[ཡོང་ཁུངས་། ངེད་དྲ་བ།] [རྩོམ་པ་པོ། གསོ་རིག་གླིང་པ།] [ཟླ་ཚེས། 10-02-04] [ཀློག་གྲངས། ]
དཔྱད་གཏམ།
དཔྱད་གཏམ་སྤེལ་བ།