སྨན་རྒྱལ་གཡུ་ཐོག་ཡོན་ཏན་མགོན་པོ་ལ་ཕྱག་འཚལ་ལོ། མཆོད་དོ། སྐྱབས་སུ་མཆིའོ།།
དཔྱད་བཅོས་རིག་པ་ནི། བོད་ཀྱི་གསོ་རིག་གི་ནད་གཞི་བཅོས་ཐབས་ཆེན་པོ་བཞི་སྟེ། ཟས་སྤྱོད་སྨན་དཔྱད་བཞི་ལས་གཅིག་ཡིན་ལ། འདི་ལ་ཐབས་མང་པ་དང་ལག་ལེན་སྟབས་བདེ་དང་ཕན་ཡོན་འཕྲད་ཐོན་གྱི་ཁྱད་ཆོས་དང་ལྡན་པས། གསོ་རིག་རྒྱུད་བཞི་རུ་རྒྱུད་རེ་རེར་དཔྱད་བཅོས་ཀྱི་སྐོར་རྒྱས་བསྡུས་གཉིས་སུ་གསུངས་ཡོད་དེ།
• རྩ་རྒྱུད་དུ་གསོ་བྱེད་ཐབས་ཀྱི་སྐབས་སུ། རླུང་ནད་ལ་བསྐུ་མཉེ་དང་ཧོར་མེ། མཁྲིས་ནད་ལ་གཏར་ག རྔུལདབྱུང་དང་ཆུ་ཡི་འཕྲུལ་འཁོར། བད་ཀན་ལ་མེ་བཙའ་དང་དྲོད་དུགས་བཅས་ཉེས་པ་དང་སྦྱར་ནས་བསྟན་པའོ།།
• བཤད་རྒྱུད་དུ་ཆ་བྱད་དཔྱད་ཀྱི་ལེའུར་ཐུར་དཔྱད་ཀྱི་ཐུར་མའི་རིགས་དང་མེ་བུམ་གྱི་བུམ་པ་སོགས་དཔྱད་བཅོས་ཀྱི་ཆ་བྱད་རིགས་ཀྱི་རྒྱུ་དང་ཚད་ངེས་ཅན་གསུངས་པའོ།།
• མན་ངག་རྒྱུད་དུ་སྐབས་༡༥་ཡི་ནད་ཁམས་སོ་སོར་གཏར་བསྲེག་བྱུག་ལུམས་དང་། ཆུ་ལྕག་དང་ཚ་གྲང་དུགས རླུང་སེལ་མགོ་ཐུམ་དང་མཁྲིས་བཅོས་སེན་འབྲད་སོགས་དཔྱད་བཅོས་རིགས་གང་ལ་གང་དགོས་གསལ་དུ་བསྟན་ནོ།།
• ཕྱི་མ་རྒྱུད་དུ་དཔྱད་དྲུག་གི་ལག་ལེན་རྒྱས་པ་སྟེ། ཁྲག་མཁྲིས་དང་ཁྱད་པར་ཚ་བའི་གཉེན་པོ་གཏར་ག བད་རླུང་དང་ཁྱད་པར་གྲང་བའི་གཉེན་པོ་མེ་བཙའ། ཚ་གྲང་གཉིས་ཀའི་གཉེན་པོ་དྲོད་དུགས་དང་བསིལ་དུགས བད་རླུང་དང་ཁྱད་པར་ཆུ་སེར་དང་རྩ་རྒྱུས་ཀྱི་གཉེན་པོ་ལུམས་བཅོས། རླུང་བཅོས་ཐུན་མིན་བྱུག་པ་དང་། ཉེས་གསུམ་སྤྱི་རྒྱུག་དང་ལོག་གནོན་དཔྱད་མཆོག་ཐུར་དཔྱད་བཅས་གསལ་དུ་རྒྱས་པར་གསུངས་སོ།།
གཞན་གསོ་རིག་རྒྱུད་བཞིར་མ་བསྟན་པའི་གྲུབ་ཆེན་ཨུ་རྒྱན་དཔལ་དང་རཏྣ་གླིང་པའི་ལུགས་ཀྱི་དབྱུག་བཅོས་དང་། ལྷུན་སྡིངས་ལུགས་ཀྱི་རྡོ་མཉེ། སྔགས་ལུགས་ཀྱི་བླ་བྱུག་དང་རྩ་མཉེ་དང་རྟེན་འབྲེལ་དཔྱད་སོགས་ཀྱང་བོད་ལུགས་ཐུན་མིན་གྱི་དཔྱད་བཅོས་ཡིན་ནོ།།
སྤྱིར་དཔྱད་བཅོས་རིག་པ་ནི། བོད་ཀྱི་གསོ་རིག་གཞུང་དུ་ཞིབ་ལ་རྒྱས་པར་བསྟན་པ་དང་། དེང་དུས་ཀྱི་སྤྱི་ཚོགས་དང་མིའི་སེམས་ཁམས་དང་ཁྲིམས་ལ་ཡང་མཐུན་ཆེ་ཡང་། བོད་ཕྱི་ནང་ཡོང་ལ་དཔྱད་བཅོས་ལག་ལེན་གྱི་ཆ་ཧ་ཅང་ཞན་པར་མཐོང་ལ། དེ་ནི་བོད་ཀྱི་གསོ་རིག་མ་འོང་འཕེལ་རྒྱས་ཀྱི་གེགས་སུ་འགྱུར་སྲིད།།
རྒྱ་ནག་སྨན་ལུགས་འཛམ་གླིང་ཡོང་ལ་དར་རྒྱས་མགྱོགས་པའི་རྒྱུ་མཚན་གཙོ་བོ་ནི། སྨན་སྦྱོར་དང་སྨན་བཅོས་མིན་པར་རྒྱ་ལུགས་ཀྱི་ཐུར་དཔྱད་དང་མེ་དཔྱད་སོགས་དཔྱད་བཅོས་ལ་རག་ལས་པ་དང་། རྒྱ་གར་ཚེ་རིག་ཀྱང་སྦྱང་བྱེད་ལས་ལྔ་དང་སྣུམ་བྱུག་སོགས་ཀྱི་དྲིན་གྱིས་རྒྱལ་ཁམས་འགྲིམ་བཞིན་པར་བརྟག་ན། བོད་དཔྱད་ནི་བོད་ཀྱི་གསོ་རིག་རྒྱལ་སྤྱིའི་རང་བཞིན་དུ་འགྲོ་བྱེད་ཀྱི་སྣ་འདྲེན་ཆ་ལག་གམ་ལམ་སྣ་ཡིན་པ་གོར་མ་ཆགས་སོ།།
མདོར་ན། བོད་ཀྱི་གསོ་རིག་གི་དཔྱད་བཅོས་རིག་པ་ནི་བོད་སྨན་འཕེལ་རྒྱས་ཀྱི་རྨང་གཞི་གལ་ཆེན་ཞིག་ཡིན་སྟབས། དེ་དག་ལ་ཞིབ་ཕྲའི་རྒྱས་འགྲེལ་དང་། བསྔོག་འདོན་དང་ཉམས་ཞིབ་རང་བཞིན་གྱི་ཁ་སྐོང་བྱ་རྒྱུ་ནི་མེད་དུ་མི་རུང་བ་ཞིག་ཡིན་ནོ།།
གསོ་རིག་གླིང་པས་༢༠༡༠་ཟླ་༢་ཚེས་༦་ཉིན་ལ་ཨི་ཊ་ལིའི་ ཐོ་ཟི་ཁ་ན་ཡུལ་དུ་སྦྱར།