སྨན་སྔགས་ཟུང་འབྲེལ་གྱི་ཉམས་ཞིབ་དགོས་པའི་བསམ་ཚུལ་འགའ།

རིག་གནས་ཆེ་བ་ལྔའི་ནང་ཚན་གྱི་གསོ་བ་རིག་པ་ནི་ནང་པའི་སྨན་ལུགས་ཤིག་མིན་ཏེ། རྩ་རྒྱུད་དུ་གསོ་རིག་ལུགས་འདི་ལ་༼དྲང་སྲོང་ལུགས་༽ཞེས་གསལ་དུ་གསུངས་ཡོད། དེའི་གོ་དོན་གཙོ་བོ་ནི། གསོ་རིག་ནི་ཆོས་ལུགས་དང་མི་རིགས་བཀག་རྒྱ་ལས་འདས་ནས་འགྲོ་བ་ནད་པ་ཡོངས་ལ་ཕན་བྱེད་ཀྱི་སྨན་རིག་པ་ཞིག་ཡིན་པ་བསྟན་ཡོད། འོན་ཀྱང་། ནང་དོན་རིག་པ་དང་གསོ་བ་རིག་གཉིས་བར་ལ་འབྲེལ་བ་དམ་ཟབ་ཆགས་ཡོད་དེ། གསོ་རིག་གཞུང་དུ་ནང་པའི་ལྟ་སྤྱོད་མང་དུ་བསྟན་པ་དང་། དེ་ནི་བོད་གསོ་རིག་གི་ཐུན་མིན་ཁྱད་ཆོས་ཤིག་ཆགས་ཡོད། ལོ་རྒྱུས་ཐོག་བོད་དང་སོག་པོ་དང་འབྲུག་དང་འབྲས་ལྗོངས་བཅས་ནང་པའི་རྒྱལ་ཁབ་མང་པོ་ཞིག་གི་སྨན་གཙོ་བོ་ནི་བོད་ཀྱི་གསོ་རིག་ཡིན་པས། བོད་ཀྱི་ནང་བསྟན་དང་གསོ་རིག་གཉིས་ལ་མཉམ་འབྲེལ་དང་མཉམ་འཕེལ་གྱི་འདྲིས་ཆེན་པོ་སྔར་ནས་བྱུང་ཡོད།།

གསོ་བ་རིག་པ་དང་ནང་དོན་རིག་པ་གཉིས་ཀ་རིག་གནས་ཆེ་བ་ལྔའི་ཁོངས་སུ་གཏོགས་ལ། དེ་གཉིས་བར་གྱི་ཟུང་འབྲེལ་ཞིབ་འཇུག་ནི་ཕྱོགས་གཉིས་ཀར་ཕན་ཆེན་ཞིག་ཡིན། དེང་དུས་འཕེལ་བཞིན་པའམ་དར་སྲོལ་དུ་འགྲོ་བཞིན་པའི་ནང་རིག་དང་ཚན་རིག་ཟུང་འབྲེལ་གྱི་ཉམས་ཞིབ་ལ་གསོ་རིག་གི་ནང་དོན་གྱིས་ཕན་པ་ལྟར། གསོ་རིག་གི་གོ་དོན་གཏིང་ཟབ་དང་ཞིབ་འཇུག་ལ་ནང་དོན་རིག་པའི་ཤེས་རྟོགས་ཡོད་རྒྱུའང་ཧ་ཅང་གལ་ཆེ། །

སྨན་ཆོས་སམ་སྨན་སྔགས་ཟུང་འབྲེལ་གྱི་ཚུལ་ནི་སྔོན་ཆད་ནས་བྱུང་ཡོད་དེ། བི་ཇིའི་སྨན་རྒྱུད་ནི་སྨན་སྔགས་ཟུང་འབྲེལ་ཡིན་པ་དིའུ་དམར་བསྟན་འཛིན་ཕུན་ཚོགས་ཀྱིས་གསུངས་ལ། ཁོང་གིས་ཀྱང་དེའི་རྗེས་འབྲངས་ཀྱིས་སྔགས་བཅོས་སྐོར་ཡང་གནང་ཡོད་དོ།།
སྨན་སྔགས་ཟུང་འབྲེལ་གྱི་གནད་༥ ཙམ་མདོར་བསྡུས་བཤད་ན།
1. ནད་ཐམས་ཅད་ཀྱི་རྒྱུ་རྐྱེན་སྐབས་ཀྱི་རྒྱུ་ཉོན་མོངས་དུག་ལྔ་དང་རྐྱེན་གདོན་སོགས་ལ་ནང་རིག་པའི་སེམས་ཀྱི་འགྲེལ་བཤད་དང་ཕྱི་ནང་གསང་གསུམ་གྱི་གདོན་བགེགས་ཀྱི་ལྟ་ཚུལ་སྐོར་ངེས་པར་ཤེས་དགོས།།

2. སྔགས་ལུགས་ཀྱི་རྡོ་རྗེའི་ལུས་ཀྱི་བཤད་པ་ནི་སྨན་ལུགས་ཀྱི་གྲུབ་པ་ལུས་ཀྱི་ཁ་སྐོང་གནད་དང་ལྡན་པ་ཞིག་ཡིན་ལ། དེ་བཞིན་དགའ་བོ་མངལ་འཇུག་གི་མདོ་ཡང་གསོ་རིག་ཞིབ་འཇུག་ལ་ཤིན་ཏུ་མཁོ་བ་ཞིག་ཡིན་ནོ། །

3. མདོའི་འདུལ་བ་དང་སྔགས་ལུགས་ཀྱི་ཟས་སྐོམ་དང་སྤྱོད་ལམ་ནི་གསོ་རིག་ཟས་སྤྱོད་ལ་སྦྱར་ཆོག་པའི་རིན་ཐང་ཆེ་ལ། ཁྱད་པར་བཅུད་ལེན་དང་སྨྱུང་གནས་དང་། ཕྱག་བསྐོར། དམིགས་འཛིན་དང་། ལུས་སྦྱོང་དང་། གནས་སྦྱང་དང་རྩ་རླུང་སོགས་ཀྱིས་མི་ན་བ་གནས་པ་དང་ན་བ་གསོ་བར་བྱེད་པར་ཕན་ཡོན་རབ་ཏུ་ཆེའོ།།

4. གཏེར་མ་ལས་བྱུང་པའི་སྔགས་བཅོས་རིག་པ་དང་། ཆོ་གའི་བཅོས་ཐབས། མེ་གསང་། རྫས་སྦྱོར་དང་རིམས་བསྲུང་སོགས་ནི་གསོ་རིག་གཞུང་དུ་མེད་དུ་མི་རུང་པ་ཞིག་ཡིན་ནོ།།

5. བོད་ཀྱི་གསོ་རིག་གི་སེམས་ཁམས་རིག་པའི་རྩ་དོན་ནི་ནང་དོན་རིག་པའི་གཞུང་དང་བསྟུན་དགོས་ལ། ལས་རྒྱུ་འབྲས་དང་། རྟེན་འབྲེལ་ལྟ་བ་དང་དབུ་མའི་ལམ། གཞན་ཡང་ཞི་གནས། སེམས་སྦྱོང་། ངག་སྦྱོང་། ལུས་སྦྱོང་དང་རྨི་ལམ་རྣལ་འབྱོར་སོགས་ནི་ཐུན་མིན་སེམས་ཁམས་རིག་པའི་རྨང་གཞིའི་གཞུང་ལུགས་དང་ལག་ལེན་གཉིས་ཀ་ཡིན་ནོ།།

འདི་དག་ནི་སྤྱི་ཁོག་ཙམ་ཡིན་ལ་གསོ་རིག་སློབ་གཉེར་པ་དང་ཞིབ་འཇུག་པ་རྣམས་ལ་ཕན་ཐོག་གི་སྔོན་འགྲོའི་ཕྱོགས་སྟོན་ནོ།།
གསོ་རིག་གླིང་པས ཕྱི་ལོ་༢༠༡༠་ཟླ་༢་ཚེས་༥་ཉིན་སྦྱར།།
 

[ཡོང་ཁུངས་། ངེད་དྲ་བ།] [རྩོམ་པ་པོ། གསོ་རིག་གླིང་པ།] [ཟླ་ཚེས། 10-02-13] [ཀློག་གྲངས། ]
དཔྱད་གཏམ།
དཔྱད་གཏམ་སྤེལ་བ།