ས་དཔྱད་དང་གསོ་རིག་ཟུང་འབྲེལ་གྱི་ལྟ་ཚུལ་ཕྲན་བུ།

གསོ་རིག་རྩ་རྒྱུད་ཀྱི་གླེང་གཞིའི་ཕུན་སུམ་ཚོགས་པ་ལྔའི་སྐབས་སུ་གནས་ཕུན་ཚོགས་ལྟ་ན་སྡུག་བསྟན་པ་ནི། གསོ་རིག་ལུགས་ཀྱི་ས་དཔྱད་རིག་པའམ་ཁོར་ཡུག་གི་གལ་ཆེན་རང་བཞིན་འགྲེལ་བཤད་བྱས་པ་ཡིན་ལ། དེ་རུ་ཉི་ཟླའི་ཚ་གྲང་སྙོམ་ཞིང་། རང་བྱུང་ཁོར་ཡུག་ན་རྩི་ཤིང་སྐྱེ་དངོས་དང་། གཏེར་རྡོ་དང་། ཆུ་དང་རླུང་སོགས་ཕུན་སུམ་ཚོགས་པ་དེ་རུ་གནམ་ས་ཆུར་གནས་ཀྱི་སྲོག་ཆགས་རིགས་ཀྱང་བག་ཕེབས་རྒྱུ་ཞིང་། ཡུལ་དབུས་སུ་ཕོ་བྲང་དང་དེ་རུ་སྨན་བླ་འཁོར་བཞི་དང་བཅས་བཞུགས་པ་ནི། སྣོད་ཀྱི་འཇིག་རྟེན་ནམ་རང་བྱུང་ཁམས་དང་བཅུད་ཀྱི་སེམས་ཅན་བར་གྱི་འབྲེལ་བ་སྟེ་གཅིག་ལ་གཅིག་རྟེན་དང་ཕན་ཚུན་སྙོམ་འགྲིག་གི་རྟེན་འབྲེལ་རང་བཞིན་བསྟན་པ་ཡིན་ནོ།།
སྤྱིར་བོད་ཀྱི་ས་ཁམས་དང་ཁོར་ཡུག་གི་གནས་སྟངས་དང་། ནུས་ཁམས་དང་། ཁོར་ཡུག་དང་སྲོག་ཆགས་དང་མིའི་བར་གྱི་འབྲེལ་བ། ཁོར་ཡུག་ཕན་ཡོན་དང་བསྲུང་སྐྱོབ་སོགས་ཀྱི་སྐོར་ས་དཔྱད་རིག་པར་བསྟན་ཡོད་དོ།།
ཁོར་ཡུག་གནོད་སྐྱོན་དང་མཁའ་དབུགས་འབག་བཙོག་རྐྱེན་གྱིས་དེང་དུས་གནམ་གཤིས་ཀྱི་ཚ་གྲང་འགྱུར་ལྡོག་ཆེ་ཞིང་། དེའི་དབང་གིས་ས་ཆུ་ཤིང་གི་འབྱུང་ཁམས་འཁྲུག་ཅིང་། རིམ་གྱིས་སྲོག་ཆགས་མང་པོའི་འཚོ་བར་གེགས་ཆེ་ཞིང་། མིའི་བདེ་ཐང་ལ་ཡང་གནོད་སྐྱེལ་བཞིན་པས། ལྗང་མདོག་གི་ཁོར་ཡུག་བསྲུང་སྐྱོབ་ནི་མི་ན་བ་གནས་པར་བྱེད་པའི་ཐབས་གནད་ཅན་ཞིག་ཡིན། །
གསོ་རིག་གི་སྤྱོད་ལམ་སྐབས་སུ་དུས་ཀྱི་སྤྱོད་ལམ་དུའང་གནམ་གཤིས་དང་བསྟུན་ནས་མིའི་ལུས་ཕུང་ལ་འགྱུར་ལྡོག་ཡོང་པ་དང་། ཉེས པའི་རང་བཞིན་ལྟར་གནས་ཀྱི་གཉེན་པོ་བསྟེན་ཆོག་པ་སོགས་གསུངས་པར་ཞིབ་འཇུག་གཏིང་ཟབ་གྱི་རིན་ཐང་ཆེ་བའོ།།
མདོར་ན། ས་དཔྱད་རིག་པ་ནི་རང་བྱུང་ཚན་རིག་ལས་བྱུང་པའི་ཁོར་ཡུག་ཚན་རིག་ཅིག་ཡིན་སྟབས། གསོ་རིག་དང་ས་དཔྱད་ཟུང་འབྲེལ་གྱི་སློབ་སྦྱོང་དང་ཉམས་ཞིབ་བྱ་ཐུབ་ན། མིའི་བདེ་ཐང་དང་སྲོག་ཆགས་ཀྱི་བསྲུང་སྐྱོབ་ལ་ཕན་པ་མ་ཟད། སྣོད་ཀྱི་འཇིག་རྟེན་གྱི་ལྗང་མདོག་ཁོར་ཡུག་ལ་ཤིན་ཏུ་སྨན་པའོ།།
གསོ་རིག་གླིང་པས་༢༠༡༠་ལ་ཟླ་༢་ལ།
 

[ཡོང་ཁུངས་། ངེད་དྲ་བ།] [རྩོམ་པ་པོ། གསོ་རིག་གླིང་པ།] [ཟླ་ཚེས། 10-02-10] [ཀློག་གྲངས། ]
དཔྱད་གཏམ།
དཔྱད་གཏམ་སྤེལ་བ།