སྨན་རྩིས་ཟུང་འབྲེལ་གྱི་དམིགས་དོན།

སྐར་ནག་རྩིས་རིག་ནི་འགྲོ་བ་མིའི་རིག་གནས་ཐོག་མའི་གྲས་དང་རང་བྱུང་ཚན་རིག་གི་ཆ་ལག་གལ་ཆེན་ཞིག་རེད། དེ་ནི་གཙོ་བོ་མིའི་རིགས་ཀྱིས་གང་ཟག་གི་འཚོ་བ་དང་། དུས་ཚིགས་ཀྱི་གནམ་གཤིས་དང་། རང་བྱུང་ཁམས་ཀྱི་རང་བཞིན་དང་། རྒྱུ་སྐར་གྱི་རྒྱུ་ཚུལ་དང་། འཇིག་རྟེན་ཁམས་ཀྱི་འབྱུང་བ་སོགས་སྣོད་དང་བཅུད་ཡོད་དོ་ཅོག་ཁམས་ལྔའི་སྐུད་པ་གཅིག་ལ་ཇི་ལྟར་བརྒྱུས་ཡོད་པའི་གནས་ལུགས་རྟོགས་བྱེད་ཀྱི་ཤེས་རིག་ཅིག་ཡིན།།
དེང་དུས་ཀྱི་ལོ་རྒྱུས་པས་སྤྱིར་སྐར་ནག་རྩིས་རིག་ལ་ལོ་༥༠༠༠ལྷག་གི་ལོ་རྒྱུས་ཡོད་པ་དང་། དེའི་འབྱུང་ཁུངས་ནི་གནའ་རབས་ཀྱི་ཤར་ཕྱོགས་རྒྱལ་ཁབ་ཁ་ཤས་དང་། ནུབ་ཕྱོགས་ཀྱི་ཀེ་རི་སི་དང་། ཨ་ཧྥེ་རི་ཁའི་ཨེ་ཅིབ་སོགས་ནས་དར་བ་ཞིག་ཡིན་པར་བཤད། བོད་ལ་ཡང་མཐོ་སྒང་ས་ཁུལ་གྱི་གནམ་གཤིས་གནས་བབ་དང་བསྟུན་ནས་བྱུང་བའི་བོད་རང་ལུགས་ཀྱི་བལ་རྩིས་དང་། རྗེས་སུ་རིམ་གྱིས་དར་བའི་འབྱུང་རྩིས་དང་། སྐར་རྩིས་དང་སྔགས་ལུགས་ཀྱི་དབྱངས་འཆར་སོགས་ལ་བོད་ཀྱི་རྩིས་མཁན་མང་པོས་ཡིག་བསྒྱུར་དང་། ཕྱོགས་སྒྲིག་དང་། འགྲེལ་བཤད་དང་གསར་སྒྲིག་གནང་སྟབས། དེང་སྐབས་བོད་ཀྱི་རྩིས་རིག་པ་ནི་སྐར་ནག་དབྱངས་རྩིས་ཁ་ཚང་ཞིང་ཐུན་མོང་མིན་པ་ཞིག་ཆགས་ཡོད་དོ།།
བོད་ལ་སྨན་རྩིས་ཟུང་འབྲེལ་གྱི་ལྟ་བ་ནི་སྔ་མོ་ནས་བྱུང་ཡོད་དེ། གཡུ་ཐོག་ཡོན་ཏན་མགོན་པོས་གསོ་རིག་རྒྱུད་བཞི་བརྩམས་རྗེས། སྐར་རྩིས་རི་བོ་རྡུལ་འབེབ་དང་ནག་རྩིས་འཁོར་འདས་གཏན་འབེབ་ཅེས་པའི་སྐར་ནག་རྩིས་གཞུང་གཉིས་བརྩམས་ཤིང་། གསོ་རིག་སློབ་གླིང་ཐོག་མ་ཀོང་ལུང་ལྟ་ན་སྡུག་ཏུ་ཡང་སྨན་རྩིས་ཟུང་འབྲེལ་གྱི་སློབ་གསོ་ཚད་ལྡན་ཐོབ་པའི་སྨན་རྩིས་རབ་འབྱམས་མང་པོ་བྱུང་ཡོད་དོ།།
ལོ་རྒྱུས་རང་བཞིན་གྱི་གསོ་རིག་སློབ་གླིང་ལྕགས་པོ་རིའི་ལུགས་སྲོལ་ལ་སྨན་པ་རབ་ཅིག་རྩིས་པ་འབྲིང་ཞིག་ཡིན་པ་དང་། རྩིས་པ་རབ་ཅིག་སྨན་པ་འབྲིང་ཞིག་ཡིན་ཞེས་བཤད་སྲོལ་ཡོད་པ་ལ་དཔྱད་ན། སྨན་པས་རྩིས་སྦྱོང་བ་དང་རྩིས་པས་སྨན་སྦྱོང་བའི་ལུགས་དར་སྲོལ་ཆེ་ཞིང་སྨན་རྩིས་ཟུང་འབྲེལ་གྱི་སློབ་གསོའི་ཆུ་ཚད་ཀྱང་མཐོན་པོ་ཡིན་པ་ཤེས་ཐུབ་པོ།།

སྨན་རྩིས་ཟུང་འབྲེལ་གྱི་དམིགས་ཡུལ་གཙོ་བོ་ནི་ཁག་ལྔ་ནས་བཤད་ཆོག་སྟེ།
1. ནད་ཀྱི་རྒྱུ་རྐྱེན་སྐོར།
བོད་ཀྱི་གསོ་རིག་ལྟར་ན། ནད་ཀྱི་རྒྱུ་རྐྱེན་ནི་སེམས་ཁམས་དང་། གདོན་རིགས་དང་། ཟས་སྤྱོད་དང་སྨན་ལོག་དང་། མི་རྒྱུད་དང་། དུས་ཚིགས་དང་། གཟའ་སྐར་དང་ཞག་ངན་སོགས་ཡིན་པས། ནད་ཀྱི་རྒྱུ་རྐྱེན་ཞིབ་འཇུག་ལ་རྩིས་རིག་པའི་གོ་དོན་ངེས་པར་རྟོགས་དགོས། སྤྱོད་ལམ་ནང་གི་དུས་ཀྱི་སྤྱོད་ལམ་ནི་རྩིས་རིག་པ་དང་སྦྱར་ནས་བྱུང་ལ། དེ་ནི་མི་ན་བ་གནས་པར་བྱེད་པ་དང་ན་བ་གསོ་བར་བྱེད་པར་ཕན་ཡོན་ཆེ་བ་ཞིག་ཡིན།།

2. ནད་གཞི་ངོས་འཛིན་སྐོར།
རྩ་བརྟག་ལ་ཐ་མལ་གྱི་རྩ་དང་དུས་ཀྱི་རྩ་ཤེས་རྒྱུ་ནི་གལ་ཆེ་ཞིང་། ཤིང་མེ་ས་ལྕགས་ཆུ་བཅས་ཁམས་ལྔ་དཔྱིད་དབྱར་སྟོན་དགུན་དང་དུས་མཚམས་བཅས་དུས་ལྔར་སྦྱར་བའི་རྩ་དཔྱད་རིག་པའི་རྨང་ནི་རྩིས་རིག་པར་རག་ལས་པས་རྩིས་རིག་པའི་ཁམས་ལྔ་དོན་སྣོད་འབྲེལ་ཚུལ་སོགས་ཀྱི་ཤེས་བྱ་ཞིབ་ཚགས་ངེས་དགོས་སོ།།

3. དཔྱད་བཅོས་སྐོར།
དཔྱད་ལ་འཇམ་རྩུབ་གཉིས་ལས་རྩུབ་དཔྱད་མེ་བཙའ་དང་། གཏར་ག་དང་། ཐུར་དཔྱད་བྱ་བར་དབྱངས་འཆར་ལུགས་ཀྱི་བླ་གནས་དང་དེའི་འཛེམ་བྱ་དང་བསྲུང་བྱ་སོགས་རྩིས་ཀྱི་གནས་ལུགས་ཤེས་དགོས། ཟླ་གཟའ། བདུན་གཟའ་དང་ཉིན་ཞག་གཟའ་བཅས་ཀྱི་རིག་པ་ནི་དཔྱད་བཅོས་ལག་ལེན་ལ་མེད་ཐབས་མེད་པ་ཞིག་ཡིན། བླ་གཟའ་དང་སྲོག་གཟའ་དང་གཤེད་གཟའ་སོགས་རྨང་གཞིའི་ཤེས་བྱས་དེང་དུས་ཀྱི་གཤག་བཅོས་ཆེ་འབྲིང་ཆུང་གསུམ་ལ་ཕན་ཐོགས་ཆེ་ཡང་། དཔེ་རྙིང་མང་པོར་བླ་གནས་ཀྱི་འགྲེལ་ཚུལ་མི་འདྲ་བ་མང་བ་ལ་ཚོད་བལྟ་དང་ཞིབ་འཇུག་དང་བགྲོ་གླེང་ངང་གསལ་འདོན་དང་གཏན་འབེབ་བྱ་རྒྱུ་གལ་ཆེའོ།།

4. སྔོན་འགོག་རང་བཞིན་གྱི་སྐོར།
གནམ་རིག་སྐར་རྩིས་ནི་གནམ་གཤིས་ཚ་གྲང་འགྱུར་ལྡོག་གི་རྐྱེན་གྱི་ཆར་ཆུ་དང་ཐན་པ། ལོ་ཏོག་ལེགས་ཞན། ཉི་ཟླ་གཟའ་འཛིན་གྱིས་ལུས་ཁམས་དང་རང་བྱུང་ཁམས་ཀྱི་འགྱུར་ལྡོག་ཅི་ལྟར་ཡོང་བ་ཤེས་བྱེད་ཀྱི་རིག་པ་ཞིག་ཡིན། སྐར་རྩིས་རིག་པ་ནི་ནད་ཁམས་སྔོན་འགོག་ལ་ཕན་ཡོན་ཆེ་ཞིང་། རིག་པ་འདི་ལས་མིའི་ལུས་ཕུང་དང་རྒྱུ་སྐར་འཇིག་རྟེན་གྱི་རྟེན་འབྲེལ་རང་བཞིན་གསལ་དུ་ཤེས་ཐུབ། སྨན་སྦྱོར་སྐབས་སུ་བདུད་རྩི་ཐེབས་མིན་སོགས་ལ་བལྟ་དགོས་པ་ཡང་འཇིག་རྟེན་ཕྱི་ནང་གི་ཕན་ཚུན་ཤུགས་རྐྱེན་ཡོང་ཚུལ་གྱི་གནས་ལུགས་ཤིག་ཡིན་པས་སྨན་སྦྱོར་ལ་ཡང་རྩིས་རིག་པ་ངེས་དགོས། ཁྱད་པར་ལི་ཐོ་ལྟར་ནད་གཤིས་འགྱུར་ལྡོག་དང་དེའི་ནད་ཀྱི་འབྲེལ་ཚུལ་དང་དེ་ལ་སྔོན་འགོག་བྱ་རྒྱུ་སོགས་ལ་ཕན་ཆེའོ།།

5. ནད་ཁམས་རིག་པའི་སྐབས་སུ། རླུང་མཁྲིས་བད་ཀན་གསུམ་གྱི་བསོག་ལྡང་ཞི་གསུམ་གྱི་དུས་མཚམས་ཀྱང་རྩིས་ལུགས་ནས་ཤེས་དགོས།

ཚད་ལྡན་སྨན་པ་ཞིག་ཡིན་ན་རྩིས་རིག་པའི་གནད་དམ་ཁྱད་པར་སྨན་ལ་འབྲེལ་འདྲིས་དམ་པོ་ཡོད་སའི་གནད་དམིགས་བསལ་གྱིས་ཤེས་དགོས། ཡིན་ན་ཡང་། ནག་རྩིས་དང་སྐར་རྩིས་ཀྱི་གཞུང་ལུགས་ཆ་ཚང་སྦྱོང་རྒྱུ་ནི་དཀའ་སྟེ་རྩིས་རིག་པ་ནི་རྒྱ་ཆེ་བའི་ཆེད་ལས་རིག་པ་ཞིག་ཡིན་པས་སོ།།
གསོ་རིག་གླིང་པས། ༢༣་༠༣་༢༠༡༠་ལ།
 

[ཡོང་ཁུངས་། ངེད་དྲ་བ།] [རྩོམ་པ་པོ། གསོ་རིག་གླིང་པ།] [ཟླ་ཚེས། 10-04-21] [ཀློག་གྲངས། ]
དཔྱད་གཏམ།
དཔྱད་གཏམ་སྤེལ་བ།