༢༠༡༠ལོའི་ཟླདང་པོའི་ཚེས༡༦ནས་བཟུང་བའི་བདུན་ཕྲག་གཅིག་གི་རིང་ལ། སྨན་པ་ཉི་ཟླ་ལྕེ་ནག་ཚང་གིས་ཨ་མེ་རི་ཁའི་ཁ་ལི་ཧྥོར་ནི་ཨ་མངའ་སྡེའི་ཨོ་ཁེ་ལུན་གྲོང་ཁྱེར་དུ་བོད་སྨན་དང་གསང་སྔགས་སྦྲེལ་མར་སློབ་ཁྲིད་གནང་ལ། ས་ཁུལ་དེ་རུ་ཨ་རི་པའི་སློབ་མ་༣༠ཙམ་གྱིས་གསོ་རིག་རྩ་རྒྱུད་སློབ་སྦྱོང་བྱས་ཚར་ཅིང་། བཤད་རྒྱུད་སྦྱོང་བཞིན་པའི་སློབ་མ༡༦སློབ་ཁྲིད་དེ་ལ་ཞུགས།
དེ་བཞིན་དུ་སིས་ཡ་ཐུལ་གྲོང་ཁྱེར་དུ་བོད་ཀྱི་སྔགས་བཅོས་རིག་པ་ངོ་སྤྲོད་གནང་བ་དང་། གནས་དེའི་ཨ་རི་བོད་ཀྱི་གསོ་རིག་ཁང་གིས་དབྱིན་སྐད་སྟེང་ནས་བོད་སྨན་ངོ་སྤྲོད་ཀྱི་གསོ་རིག་དྲ་བ་འཛུགས་པའི་མགོ་བརྩམས་ལ། ད་ལྟ་ཆེད་ལས་མི་སྣས་བཟོ་འགོད་གནང་བཞིན་ཡོད་དོ།།