རྒྱལ་སྤྱིའི་བོད་ཀྱི་གསོ་རིག་ཁང་གི་ཡན་ལག་གསར་བ། ཕོར་ཐུ་གྷལ་བོད་ཀྱི་གསོ་རིག་ཁང་ནི་༢༠༠༩ལོར་བཙུགས་པ་དང་། ཉེ་བའི་ལོ་གཅིག་རིང་རྒྱལ་ཁབ་དེ་རུ་སློབ་ཆེན་དང་ཚོགས་པ་ཁག་ཏུ་བོད་ཀྱི་གསོ་རིག་ངོ་སྤྲོད་གཏམ་བཤད་སོགས་བཀོད་སྒྲིག་ཀྱས་ཤིང་། ཁྱད་པར་དུ་བོད་ཀྱི་གསོ་རིག་དྲ་བ་www.attm.pt གསར་བཟོས་ཀྱིས་བོད་སྨན་ཕོར་ཐུ་གྷལ་སྐད་དུ་ཁྱབ་བསྒྲགས་བྱས་ཤིང་། དེ་ནི་ཕོར་ཐུ་གྷལ་སྐད་དུ་བྱུང་པའི་གསོ་རིག་གི་དྲ་བ་དང་པོ་དང་ཆེ་ཤོས་ཡིན་འདུག་ལ། སྐད་དེ་ནི་འཛམ་གླིང་གི་རྒྱལ་ཁབ་དགུ་ཙམ་གྱི་མི་གྲངས་ས་ཡ་བཞི་བརྒྱ་ཙམ་གྱིས་བེད་སྤྱོད་བྱ་བཞིན་པའི་སྐད་ཡིག་ཅིག་ཡིན་པས། བོད་ཀྱི་གསོ་རིག་གི་དྲ་ཐོག་ཁྱབ་སྒྲོག་ལ་ནུས་པ་ཤུགས་ཆེན་འཐོབ་སྲིད།
ཕོར་ཐུ་གྷལ་གསོ་རིག་ཁང་གིས་གྲ་སྒྲིག་བྱས་པ་ལྟར། ཕོར་ཐུ་གྷལ་གྱི་གྲོང་ཆེར་པོར་ཏོ་དང་རྒྱལ་ས་ལི་ས་ཕོ་ཨ་རྣམས་སུ་བོད་ཀྱི་བསྐུ་མཉེ་དང་། སེམས་ཁམས་རིག་པ་དང་དཔྱད་བཅོས་རིག་པ་དང་། གསོ་རིག་རྩ་རྒྱུད་བཅས་སློབ་ཁྲིད་བྱས་པ་དང་། སྔོ་སྨན་ཞིབ་འཇུག་དང་སྨན་སྦྱོར་ཚོད་བལྟ་སོགས་ཀྱང་བྱ་བཞིན་ལ། རྒྱལ་སྤྱིའི་བོད་ཀྱི་གསོ་རིག་ཁང་གི་སློབ་དེབ་ཕལ་ཆེ་བ་ཡང་ཕོར་ཐུ་གྷལ་སྐད་དུ་བསྒྱུར་ཚར་ལ། རྗེས་ཆར་ཕོར་ཐུ་གྷལ་སྐད་དུ་བོད་ཀྱི་གསོ་རིག་སྐོར་དཔེ་སྐྲུན་བྱ་རྒྱུའི་ཐད་གྲ་སྒྲིག་བྱ་བཞིན་ནོ།།