ལྟ་ན་སྡུག་གསོ་རིག་སློབ་གྲྭ་ཆེན་མོ་ནི། རྒྱལ་སྤྱིའི་བོད་ཀྱི་གསོ་རིག་གླིང་གི་དྲྭ་ཐོག་སློབ་ཁྲིད་ཀྱི་ལས་གཞི་ཞིག་ཡིན་ལ། དེ་ནི་དེང་དུས་ཀྱི་ཆེད་ལས་ལག་རྩལ་ཅན་གྱི་དྲྭ་ཐོག་བརྒྱུད་ནས། ལས་བྲེལ་ཤིན་ཏུ་ཆེ་བའི་དེང་དུས་འཛམ་གླིང་གི་སློབ་མ་རྣམས་ལ་གནས་དུས་གཉིས་ཀར་སྟབས་བདེ་ཡོང་བའི་སྒོ་ནས་བོད་ཀྱི་གསོ་རིག་གི་གཞུང་ལུགས་ཆ་ཚང་སློབ་ཁྲིད་བྱ་རྒྱུ་ཡིན།
ལྟ་ན་སྡུག་ཅེས་པ་སངས་རྒྱས་སྨན་བླའི་ཞིང་ཁམས་ཀྱི་མཚན་ཡིན་ལ། སྨན་རྒྱལ་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོས་ཕྱག་བཏབ་པའི་བོད་ཀྱི་ལོ་རྒྱུས་ཐོག་གི་གསོ་རིག་སློབ་གྲྭ་དང་པོ་ལ་ཀོང་པོ་སྨན་ལུང་ལྟ་ན་སྡུག་པའི་གྲོང་ཁྱེར་ཟེར། གང་ལྟར་དག་ཞིང་ནི་ཆུ་བུར་མིག་གིས་མི་མཐོང་བར་དག་སྣང་ཅན་དང་བསོད་ནམས་ཅན་གྱིས་མཇལ་ཐུབ་པའི་ཞིང་ཁམས་ཤིག་ཡིན་པ་ལྟར། དྲྭ་ཐོག་གི་སྣང་ཚུལ་འདི་ཡང་གང་ཟག་ལས་ཡོད་དམ་དགའ་ཞེན་ཅན་ཚོས་ལྟ་མཐོང་ཡོད་པ་བཞིན། དྲྭ་ཐོག་གསོ་རིག་སློབ་ཁྲིད་འདི་ལ་ལྟ་ན་སྡུག་གསོ་རིག་སློབ་གྲྭ་ཆེན་མོ་ཞེས་བཏགས་པ་དང་། གསོ་རིག་གི་སློབ་གསོའི་ཚད་གཞི་ནི་སློབ་གྲྭ་ཆེན་མོའི་ཚད་ཅན་ཡིན་ནོ།།
སློབ་ཁྲིད་ཀྱི་ནང་དོན་གཙོ་བོ་ནི་མདོར་བསྡུས་ན། གསོ་རིག་རྩ་རྒྱུད་དང་། བཤད་རྒྱུད་ཀྱི་གྲུབ་པ་ལུས་དང་རོ་བཀྲ་སྐོར་ནི་དེང་རབས་གསོ་རིག་དང་སྦྲགས་སྦྱར་འཆད་ཁྲིད་བྱ་རྒྱུ་དང་། དུས་མཐུན་གྱི་ཟས་སྐོམ་དང་ སྤྱོད་ལམ་སྐོར་དང་། སྔོན་འགོག་ཐབས་ཤེས་དང་སྨན་ལུགས་བཅུད་ལེན་ལ་ཡང་དེང་དུས་ཀྱི་ཚན་རིག་དང་མཉམ་བསྡུར་གྱིས་འཆད་ཁྲིད་བྱ་རྒྱུ་ཡིན་ལ། རྒས་གསོ་དང་རོ་ཙ་ལ་ཁྱད་པར་འགྲེལ་བཤད་དང་། སྨན་རྫས་རིག་པ་ནི་ཡུལ་ཁམས་སོ་སོའི་ཁྲིམས་མཐུན་སྨན་རྒྱུ་དང་། འཕེལ་འགྲིབ་ནད་དང་གསོ་ཐབས་སོགས་རྨང་གཞིའི་གཞུང་ལུགས་དང་། གཞན་མན་ངག་རྒྱུད་ཀྱི་ཉེས་གསུམ། ཚ་བ་དང་ཁྱད་པར་གཉན་རིམས་སྐོར། དོན་ལྔ་སྣོད་དྲུག་གཙོ་བྱས་ཁོང་ནད། དབང་པོ་ལྔ་གཙོ་བྱས་ལུས་སྟོད་ནད། གཅོང་ནད། ཐོར་ནད། ལྷན་སྐྱེས་རྨ། དུག་ནད་། གདོན་ནད། མཚོན་རྨ། མོ་ནད། བྱིས་ནད་བཅས་ནད་ཁམས་རིག་པ་ལས། མཁོ་ཤས་ཆེ་བའི་ཁག་རྒྱས་ཁྲིད་དང་གཞན་དག་བསྡུས་ཁྲིད་བྱ་རྩིས་ཡིན་ནོ། །
སྤྱི་སྐད་ནི་དབྱིན་སྐད་ཡིན་ལ། གསོ་རིག་ཁང་སོ་སོས་དུས་མཐུན་གྱི་གྲྭ་སྒྲིག་དང་བཀོད་སྒྲིག་གིས་རྒྱལ་ཁབ་༡༥་ནས་༢༠་ཙམ་གྱིས་སོ་སོའི་ས་ཁུལ་གྱི་སྐད་བསྒྱུར་དང་། སློབ་དེབ་སོགས་ཀྱི་མཐུན་རྐྱེན་སྦྱོར་རྒྱུ་ཡིན་ལ། ལག་ལེན་སྐོར་ལ། རྩ་ཆུ་བརྟག་པ་དང་། ནད་ཐོག་ལག་ལེན་དང་། སྨན་སྦྱོར་དང་། སྦྱོང་གི་ལས་ལྔ་སྟེ། སྔོན་འགྲོ་སྣུམ་འཆོས་ནས་༡འཇམ་རྩི་དང་། ༢ནི་རུ་ཧ་དང་། ༣བཤལ་༤སྐྱུག་དང་༥རྩ་སྦྱོང་བཅས་དང་། ཁྱད་པར་དཔྱད་བཅོས་དུགས། ལུམས། བསྐུ་མཉེ་དང་། མེ་བཙའ། གཏར་ག ཐུར་དཔྱད་དང་དབྱུག་བཅོས་བཅས་ནི་ཆེད་ལས་མཁས་པ་དགེ་རྒན་དང་སློབ་སྟོན་མི་སྣས་ཡུལ་གནས་ལ་དངོས་ཕེབས་ཀྱིས་དམར་ཁྲིད་བྱ་རྒྱུ་ཡིན་ནོ།།
དགེ་རྒན་ནི་རྒྱལ་སྤྱིའི་གསོ་རིག་གླིང་གི་དགེ་རྒན་གཙོ་གཞོན་བཅུ་ལྷག་དང་། གཞན་བོད་ཕྱི་ནང་དང་། སོག་པོ་དང་། འབྲུག་དང་ལྭ་དྭགས་སོགས་ཀྱི་ཆེད་ཞུས་གསོ་རིག་ཆེད་ལས་མཁས་པ་གདན་ཞུ་བྱ་རྒྱུ་ཡིན་པའོ།།
༢༠༡༠ ལོའི་ཟླ་༧་ཚེས་༡༡་ཉིན། ཆེད་ལས་ལག་རྩལ་པ་གསུམ་དང་། དགེ་རྒན་སྨན་པ་ཚོས་ཚོད་ལྟ་བྱས་པ་ལེགས་གྲུབ་བྱུང་པས། ཟླ་འདིའི་༡༢ ཚེས་ཉིན་ནས་དངོས་སུ་འགོ་ཚུགས་བྱུང་པ་ཡིན་ནོ།།
འདི་ནི་བོད་ཀྱི་གསོ་རིག་གི་ལོ་རྒྱུས་ཐོག་ཐེངས་དང་པོར་བྱུང་བའི་དྲྭ་ལམ་མམ་དྲྭ་ཐོག་སློབ་ཁྲིད་ (online teaching) བསྐྱངས་པའི་ལས་དོན་ཞིག་ཡིན་ལ། དུས་རབས་གསར་པར་བོད་ཀྱི་གསོ་རིག་འཕེལ་རྒྱས་ལ་ངེས་པར་དུ་མཁོ་བའི་ཆ་ལག་ཅིག་ཡིན་ཏེ། དུས་གསར་གྱི་ཚན་རིག་ལག་རྩལ་ དང་བསྟུན་ནས་སློབ་གསོ་དར་སྤེལ་བྱ་རྒྱུ་ནི་མེད་དུ་མི་རུང་པ་ཞིག་གོ།།
ལྟ་ན་སྡུག་གསོ་རིག་སློབ་གྲྭ་ཆེན་མོའི་དྲྭ་ཐོག་སློབ་ཁྲིད་ནི་དེང་དུས་ཀྱི་ཆེད་ལས་ལག་རྩལ་ཅན་གྱི་དྲྭ་ཐོག་ཅིག་ཡིན་སྟབས། དྲྭ་བའི་ལག་རྩལ་ནི་ཚད་ལྡན་ཡིན་ལ། དེ་རུ་བརྙན་བརྒྱུད་སློབ་ཁྲིད་ཆ་ལག ཀློག་ཡིག་སྤེལ་ལེན། དྲྭ་ཐོག་སྦྱོང་བརྡར། དྲྭ་ཐོག་ཡིག་རྒྱུགས། སྒྲ་དང་བརྙན་འཕྲིན་ཕབ་ལེན་སོགས་དེང་དུས་ཀྱི་སློབ་གྲྭ་ཆེན་མོ་གཞན་རྣམས་ཀྱི་དྲྭ་ཐོག་བརྒྱུད་རིམ་དང་གཅིག་མཚུངས་ཡིན་ནོ།།་
དྲྭ་བྱང་ནི། www.tanaduni.com ཡིན་ནོ།།