རྒྱལ་སྤྱིའི་མི་སྣས་ཨ་མདོ་རུ་གསོ་རིག་ལྟ་སྦྱོང་བྱས་པ།

༢༠༡༠ལོའི་ཟླ༨ཚེས་འགོ་ལ། རྒྱལ་སྤྱིའི་བོད་ཀྱི་གསོ་རིག་ཁང་གི་རྒྱལ་ཁབ་༡༠ནས་ཡོང་པའི་སློབ་མ་དང་ཞིབ་འཇུག་པ་ ༦༠ལྷག་གིས་ཨ་མདོ་ས་ཁུལ་དུ་གསོ་རིག་ལྟ་སྐོར་རྒྱུས་ལོན་དང་སློབ་སྦྱོང་བྱས།
བདུན་གཅིག་རིང་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་ལུམས་ཁང་དང་། ནད་ཁང་དང་། སྨན་སྦྱོར་ཁང་དང་། ཞིབ་འཇུག་ཁང་དང་ཨ་རུ་ར་བོད་སྨན་འགྲེམ་སྟོན་ཁང་བཅས་སུ་བལྟ་སྦྱོང་ཞིབ་ཕྲ་དང་། དེ་ནས་འཇིགས་མེད་བོད་སྨན་ཁང་དུ་ཡང་ལྟ་སྐོར་རྒྱུས་ལོན་བྱས། རྒྱལ་སྤྱིའི་མི་སྣ་རྣམས་བོད་སྨན་གྱི་འཛིན་སྐྱོང་དང། ཁྱབ་སྤེལ། སློབ་གསོ། ཞིབ་འཇུག སྨན་པའི་ཆུ་ཚད་དང་གོ་རྟོགས། སྨན་ཁང་གི་སྒྲིག་སྲོལ་དང་ཆ་རྐྱེན་སོགས་ལ་ཧ་ལས་ཤིང་བསྟོད་བསྔགས་བྱས།
དེ་རྗེས་སུ་རྨ་ལྷོ་སོག་རྫོང་གི་བོད་སོག་སྨན་ཁང་དང་། ཁྱད་པར་ཡུལ་དེའི་སྔོ་སྨན་སྐྱེ་གནས་ཁྱད་པར་ཅན་ཀླུའི་ཆབ་བྲག་ཏུ་ཕྱིན་ནས། སྨན་པ་མ་ཅིག་དང་ལྷན་དུ་ས་གནས་ཀྱི་སྔོ་སྨན་༨༠ལྷག་ངོས་འཛིན་དང་སློབ་སྦྱོང་བྱས། དེ་རུ་སློབ་མ་དང་ཞིབ་འཇུག་པ་ཚོ་ནི་ས་དང་མཁའ་དབུགས་གཙང་པ་དང་། ཁོར་ཡུག་ལྗང་ལ་སྔོ་སྨན་མང་ཞིང་ལེགས་པ་ལ་ཡ་མཚར་ཞིང་། ས་ཁུལ་འདི་འདྲ་ནི་འཛམ་གླིང་མི་མང་གིས་མཐོང་དགོས་ལ་མུ་མཐུད་དུ་ཁོར་ཡུག་དང་སྔོ་སྨན་སྲུང་སྐྱོབ་བྱ་དགོས་ཞེས་རེ་འབོད་བཏོན་ཏོ།།

[ཡོང་ཁུངས་། ངེད་དྲ་བ།] [རྩོམ་པ་པོ། གེ་སར།] [ཟླ་ཚེས། 10-09-24] [ཀློག་གྲངས། ]
དཔྱད་གཏམ།
དཔྱད་གཏམ་སྤེལ་བ།