སྔགས་ཀྱི་བཅོས་ཐབས་ནི་བོད་ལུགས་གསོ་རིག་གི་ཡན་ལག་མེད་དུ་མི་རུང་བ་ཞིག་ཡིན།༼ ༡ ༽

སྨན་རྒྱལ་གཡུ་ཐོག་པ་ལ་ཕྱག་འཚལ་ལོ། མཆོད་དོ། སྐྱབས་སུ་མཆིའོ།།

༡ སྔགས་བཅོས་ཀྱི་སྣ་ཚོགས་བྱུང་ཁུངས་དང་ངོ་མཚར་ཁྱད་ཆོས།
སྔགས་ཀྱི་བཅོས་ཐབས་ནི་ཤིན་ཏུ་སྔ་བའི་གདོད་མའི་མང་བཀུར་རྒྱལ་པོའི་དུས་ནས་ཆོས་ཀྱི་ཡུལ་གྲུ་ཞང་ཞུང་དང་། ཨོ་རྒྱན་ཡུལ། རྒྱ་གར་གྱི་དྲང་སྲོང་རྣམས་ལས་རིམ་བཞིན་དར་ཞིང་མཆེད་པ་སྟེ། གསོ་རིག་གི་རིག་གཞུང་དང་ལག་ལེན་གསོན་ཤུགས་ལྡན་པ་ཞིག་གམ་རང་སྐྱ་འཕེར་བ་ཞིག་བྱུང་མེད་པའི་དུས་སུ། འཁོར་བའི་ལས་དང་རྒྱལ་པོའི་ཁྲིམས་ཉེན་ལ་འཇིགས་པའི་སྐྱེ་བོ་ཁ་ཤས། གྲོགས་མེད་གཅིག་པུར་རི་སུལ་དང་ནགས་གསེབ་ཏུ་གནས་པར་དྲང་སྲོང་ཞེས་གྲགས་ལ། དེ་རྣམས་ཀྱི་ལུས་སེམས་དབེན་པར་བརྟེན་ཏིང་འཛིན་བརྙེས་ནས་མངོན་ཤེས་དང་བསམ་གཏན་གྱི་སྟོབས་ཀྱིས་བདེན་ཚིག་གྲུབ་པ་དང་། དེ་དག་གིས་ནད་གདོན་གྱིས་མནར་བའི་འགྲོ་བ་ལ་སྔགས་བགྲང་པ་དང་བདེན་ཚིག་བརྗོད་པའི་མཐུ་ལ་བརྟེན་ནས་ནད་བཅོས་དང་རིམས་འགོག་སོགས་ཀྱི་ཐབས་ཤེས་ཤིན་ཏུ་སྟབས་བདེ་གནང་ཡོད་པ་དང་། དེ་ནི་སྨན་དཔྱད་ཀྱི་འབྱུང་ཁུངས་ཀྱི་རྨང་རྡོ་ལྟར་ཆགས་པའི་སྒྲུབ་བྱེད་ཀྱང་སྔགས་སམ་བདེན་ཚིག་རྐྱང་བས་ནད་བཅོས་པ་དང་ཡང་ན་སྐབས་འགར་ངལ་རྩོལ་མྱོང་གོམས་ལས་ཐོན་པ་དང་མངོན་ཤེས་ཀྱིས་གཟིགས་པའི་སྔོ་སྨན་ཁྲོག་སྨན་དང་སྲོག་ཆགས་ཀྱི་ཤ་ཁྲག་རུས་སོགས་གང་རུང་དང་སྔགས་ཟུང་འབྲེལ་གྱིས་ནད་བཅོས་ཀྱི་འགོ་ཐོག་མར་བཙུགས་པ་དང་། རྗེས་སུ་རིམ་གྱིས་སྨན་དཔྱད་ཁོ་ནའི་ལས་སྐྱོང་མཁན་དང་སྔགས་འབའ་ཞིག་གི་ཆོ་གའི་རིམ་གྲོ་བྱེད་མཁན་དང་། སྨན་སྔགས་མཉམ་སྤྱོད་བྱེད་མཁན་སོགས་སོ་སོར་བྱུང་བ་ཡིན་སྙམ་ལ། སྔོན་གྱི་དྲང་སྲོང་རྒྱུན་ཤེས་ཀྱི་བུ་དང་ཐང་ལ་འབར་སོགས་ཀྱིས་སྨན་དང་ཆོས་བརྒྱུད་མཉམ་དུ་འཛིན་པ་ལྟ་བུ་དང་། འབུར་སྐྲངས་རིགས་ལ་སྔགས་རྒྱབ་རྗེས་བརྡོལ་བའམ་བརྟོལ་བ་དང་། སྔགས་མཐེབ་ཀྱིས་མཚོན་ཁྲག་གཅོད་པ་དང་སྔགས་ཕུས་རྨ་ལས་ཤིང་རྡོ་འདོན་པ་དང་། སྔགས་ཆུས་མིག་གི་ལིང་ཏོག་ལེན་པ་དང་འཇིབ་རྒྱག་པ་སོགས་ལས་དཔྱད་ཀྱང་དབུ་བརྙེས་པར་བསམ་པས། རྒྱུན་སྲོལ་གསོ་རིག་ནི་གནའ་བོའི་ཆོས་ལུགས་ལས་འཕྲོས་པར་བཤད་པའང་འབྲེལ་མེད་ཀྱི་གཏམ་ཞིག་མ་ཡིན་ནོ།། ཕྱི་ནང་གི་གྲུབ་མཐའ་མང་པོར་སོ་སོའི་ཁྱད་ཆོས་མི་འདྲ་བའི་སྒོ་ནས་སྔགས་བཅོས་ཀྱི་ཆོ་ག་བྱུང་ཡོད་པ་ལྟར། བོད་ལའང་ཐོག་མར་ཡ་ཐོག་ཞང་ཞུང་གི་གདོད་མའི་བོན་རྙིང་གི་རྣལ་འབྱོར་དག་ལས་བྱུང་བ་དང་། ལྷག་པར་དུ་བོན་ཞེས་པའི་ཐ་སྙད་དེ་བཟླ་བའི་དོན་དུ་འཇུག་ཅིང་སྔགས་བཟླ་བ་དང་དེའི་ཆོ་ག་བྱེད་མཁན་ལ་བོན་པོ་ཞེས་གྲགས་པ་ལྟར་ན་ཡ་ཐོག་གི་བརྡོལ་བོན་གྱི་དུས་ནས་བཟུང་ཞང་ཞུང་ཡུལ་དུ་སྔགས་བཅོས་དར་ཁྱབ་ཆེ་བ་རྟོགས་ཐུབ་ལ། བརྡོལ་འཁྱར་བོན་གྱི་དུས་སུ་བྱ་སྒྲོས་ལྕགས་གཅོད་པ་དང་ལྷ་འདྲེའི་ཕན་གནོད་ཤེས་པ་སོགས་ལ་བསམ་ཚེ་དེ་དུས་ཀྱི་སྔགས་ནུས་ཀྱང་རྣོ་ངར་ལྡན་ཞིང་ནུས་པ་ཆེ་བ་ཞིག་ཡིན་པས་ནད་པ་མང་པོར་དོན་དངོས་ཀྱི་ཕན་ཐོགས་བྱུང་ཡོད་ངེས་པ་དང་། ནང་སྒོས་སུ་བོན་གྱི་གཏོ་དཔྱད་ནི་མི་ན་བ་གནས་ཞིང་བཀྲ་ཤིས་པར་བྱེད་པ་དང་། ན་བ་གསོ་བར་བྱེད་པའི་ཤེས་རིག་ཅིག་ཡིན་པས་དུས་འདི་ནས་སྔགས་སྨན་ཟུང་སྤྱོད་ཀྱི་ཆོ་གའི ་རྩ་བ་བརྟན་པོ་ཞིག་ཆགས་ཡོད་པ་དང་། གསོ་དཔྱད་ཉི་ཁྲི་ཆིག་སྟོང་ཐུགས་ལ་བཀྲ་བའི་གསོ་རིག་སྨྲ་བའི་དབང་པོ་དཔྱད་བུ་ཁྲི་ཤེས་ཀྱི་དུས་སུ་སྔར་ལས་ཕུན་སུམ་ཚོགས་པ་དང་འཐུས་ཚང་དུ་བཏང་པ་ནི་ཤེས་ལྡན་དག་གིས་མཁྱེན་གསལ་ཡིན་ལ། བོན་གྱི་སྔགས་བཅོས་ཀྱི་རྒྱུན་སྲོལ་ཕྱག་ལེན་དུས་རབས་མང་པོ་ཞིག་འགོར་བའི་རྗེས་སུ། བོད་འདིར་ནང་པའི་ཆོས་ལུགས་ཀྱི་འཕེལ་རྒྱས་དང་ཁྱབ་ཁོངས་ལ་བསྟུན་ནས་སྔགས་བཅོས་ཀྱི་མདུན་ལམ་ལ་རྒྱལ་ཕམ་གཉིས་བྱུང་བ་སྟེ། སྲོང་བཙན་སྒམ་པོ་དང་ཁྲི་སྲོང་ལྡེ་བཙུན་གྱི་དུས་སུ་རྒྱ་གར་ནས་དར་བའི་སྔགས་ཀྱི་ཆོ་གས་ནད་བཅོས་ཐབས་སྐོར་ཡོད་པའི་དཔེ་ཆ་རྣམས་སྔ་རབས་ཀྱི་སྨན་པ་དག་གིས་ལག་ལེན་དང་ཞིབ་འཇུག་བྱེད་ཡུལ་ལམ་དད་མོས་བྱེད་ཡུལ་ཁྱད་པར་ཅན་ཞིག་ཏུ་གྱུར་སྟབས་དེའི་ཕྱོགས་ཀྱི་ནད་སྔགས་དབྱར་གྱི་ཆུ་གཏེར་བཞིན་དུ་རྒྱས་ཤིང་། བོན་གྱི་སྔགས་བཅོས་ནི་ས་ཁུལ་ཁ་ཤས་སུ་མ་གཏོགས་རིམ་གྱིས་བག་ལ་ཞ་བར་གྱུར་པ་རེད། དུས་རབས་བརྒྱད་པ་ནས་བཟུང་སྔགས་བཅོས་ནི་བོད་ཀྱི་གསོ་རིག་གི་ཆ་ཤས་གལ་ཆེན་ཞིག་ཏུ་གྱུར་ཡོད་སྟབས་རྒྱུད་བཞིའི་ནང་གི་བྱིས་ནད་དང་གཟའ་དང་ཀླུའི་ནད་སོགས་ཀྱི་ལེའུར་སྔགས་བཅོས་ཀྱི་སྐོར་ཁག་ཅིག་གསུངས་ཡོད་པའི་དཔེ་མཚོན་ལ་དུག་ནད་གསོ་བའི་སྐབས་སུ། དུག་ནད་སྔགས་ཀྱིས་གསོ་བ་འདི་སྟེ།། ཞེས་པ་ནས་ཉི་ཤུ་རྩ་རེས་རང་ཉིད་བསྲུང་པ་དང་། བརྒྱའམ་སྟོང་གིས་གཞན་གྱི་དུག་ནད་སེལ།། བཙན་དུག་ཤ་དུག་སྦྱར་དུག་མ་ལུས་འཇོམས།། ཚེག་མེད་གསེར་གྱིས་བྲིས་ནས་བཏགས་པས་ཐུབ།། ཅེས་གསུངས་པ་ལྟར་གཞུང་ལས་གསུངས་པའི་སྔགས་དེ་ཉེར་གཅིག་རེ་བཟླས་པས་གསོ་བྱེད་རང་ཉིད་ལ་དུག་མི་ཕོག་པར་བསྲུང་ཐུབ་པ་སྟེ་སྔོན་འགོག་བྱེད་ཐུབ་པ་དང་། བརྒྱའམ་སྟོང་རེ་བཟླས་ན་གསོ་བྱའི་དུག་ནད་དེ་ན་དུག་དང་སྦྱར་དུག་སོགས་མ་ལུས་པ་སེལ་ནུས་པ་མ་ཟད། སྔགས་ཡིག་དེ་དག་གི་བར་ལ་ཚེག་མེད་པར་གསེར་གྱིས་བྲིས་ཏེ་ལུས་ལ་བཏགས་ནའང་དུག་ནད་རིགས་གསོ་འགོག་ཐུབ་པའི་སྐོར་གསུངས་པར་གཞིག་ན། དེ་དུས་ཀྱི་བོད་ལུགས་གསོ་རིག་གི་སྔགས་བཅོས་ཐད་ཀྱི་ཞིབ་འཇུག་དང་ཕྱག་ལེན་ཆུ་ཚད་མཐོན་པོར་གནས་པ་རྟོགས་ཐུབ་སྟེ། སྔགས་བཟླ་བའི་གྲངས་དང་དེའི་ཕན་ཡོན་དང་། ཇི་ལྟར་འདོགས་པའི་ཐབས་ཤེས་སོགས་ཞལ་གསལ་ཞིང་གདེང་ཚོད་ཆེན་པོའི་སྒོ་ནས་གསུངས་ཡོད་པ་རེད། དེའི་རྗེས་རིམ་གྱིས་བཀའ་འགྱུར་དང་བསྟན་འགྱུར་སོགས་རྒྱ་གར་ནས་བསྒྱུར་བའི་དཔེ་ཆ་མང་པོར་སྔགས་བཅོས་ཀྱི་སྐོར་བསྟན་ཡོད་པ་དང་། བོད་ཀྱི་གསོ་རིག་མཁན་པོ་རྣམས་དང་ཡང་སྒོས་སྔ་འགྱུར་པའི་རིག་འཛིན་དང་གཏེར་སྟོན་ཆེན་པོ་ལྷ་སྔགས་གྲུབ་པ་དག་གིས་སྨོན་ལམ་གྱི་བདེན་ཚིག་དང་མངོན་པར་ཤེས་པའི་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པའི་མཐུ་ལ་བརྟེན་ནས་ནད་བཅོས་སྔགས་ཡིག་གསར་བཏོད་དང་ཕྱོགས་བསྡུ། གཏེར་ནས་འདོན་པ་དང་སྔར་ཡོད་ཉམས་མེད་རྒྱུན་སྤེལ་སོགས་གནང་སྟེ་སྔགས་བཅོས་ཀྱི་ཕྱག་ལེན་བླ་ན་མེད་པ་ཞིག་ཏུ་བསྒྱུར་པས་ཕྱིས་ཀྱི་ཆ་ལག་བཅོ་བརྒྱད་དང་གསོ་དཔྱད་རྒྱལ་པོའི་དཀོར་མཛོད། ཨེ་ཝམ། མན་ངག་བྱེ་བ་རིང་བསྲེལ། མན་ངག་ལྷན་ཐབས། དར་མོ་སྨན་རམས་པའི་མན་ངག་བཀའ་རྒྱ་མ་དང་བདུད་རྩི་བུམ་པ་ཆེ་ཆུང་སོགས་བོད་ལུགས་གསོ་རིག་གི་དཔེ་རྙིང་གྲགས་ཅན་མང་པོར་སྔགས་བཅོས་ཀྱི་སྐོར་རིན་ཐང་གཞལ་བར་དཀའ་བ་མང་པོ་གསུངས་ཡོད་པ་དང་། ལྷག་པར་འཇུ་མི་ཕམ་རིན་པོ་ཆེའི་སྔགས་འབུམ་དུ་གྲགས་པ་ནད་སྣ་ཚོགས་ཞི་བར་བྱེད་པའི་སྔགས་བདུད་རྩིའི་ཆར་པ་ཞེས་པ་དང་མཁས་གྲུབ་འཇམ་དབྱངས་མཁྱེན་བརྩེའི་སྔགས་འབུམ་སྟེ་མན་ངག་གཅེས་བཏུས་སྣ་ཚོགས་ཕྱོགས་གཅིག་ཏུ་སྒྲིག་པ་འདོད་རྒུ་ཀུན་འབྱུང་དབང་རྒྱལ་ནོར་བུའི་ཕྲེང་པ་ཞེས་པ་འདི་གཉིས་ཀྱི་ནང་དུ་སྔོན་རབས་པའི་སྔགས་བཅོས་སྐོར་ཕལ་ཆེ་བ་ནོར་འཁྲུལ་དང་བསྲེ་སླད་མེད་པར་བསྡུ་སྒྲིག་གནང་ཡོད་པ་ལུང་ཁྲིད་རྒྱུན་མ་ཆད་པ་དང་བྱིན་རླབས་ཀྱི་ཚན་ཁ་མ་ཡལ་པར་བདག་ཅག་གི་མིག་སྔར་བསྟར་ཡོད་པ་ནི་རྒྱ་མཚོ་ལྟ་བུའི་བོད་ལུགས་གསོ་རིག་གི་ནང་གི་གཟི་འོད་འབར་བའི་ནོར་བུ་ཞིག་ཡིན་པ་ནི་སྨྲ་མི་དགོས་པ་ཞིག་ཡིན་ནོ།། དེ་ལྟར་སྔགས་བཅོས་ནི་ལོ་རྒྱུས་ཀྱི་ཡུན་རིང་ཞིང་སྔོན་གྱི་དུས་ལ་དར་ཁྱབ་ཆེ་བའི་རྐྱེན་གྱིས་བོད་ལུགས་གསོ་རིག་ཁྲོད་དུ་བཞུགས་པའི་སྔགས་ནི་རྒྱབ་ལྗོངས་མི་གསལ་བའི་ཕྱི་རོལ་པའི་གྲུབ་མཐའ་སྣ་ཚོགས་དང་། ནང་པ་སངས་རྒྱས་པ་དང་། བོན་རྙིང་པ་ལས་མཆེད་པ་སོགས་མང་པོ་ཡོད་པ་སྔགས་སོ་སོའི་བྱུང་ཁུངས་སྐོར་གྱི་ལོ་རྒྱུས་ལས་གསལ་པོར་རྟོགས་ཐུབ་པ་ཡིན་ནོ།།
འོ་ན་ན་བ་གསོ་བ་དང་མི་ན་བ་གནས་པར་བྱེད་པའི་གནས་སྐབས་སུ་སྔགས་ནི་དེ་དག་གི་གཉེན་པོར་ཇི་ལྟར་འགྱུར་སྙམ་ན། ཇི་སྐད་དུ་སྔགས་དང་། རྫས་དང་། ནོར་བུའི་ནུས་པ་ནི་བསམ་གྱིས་མི་ཁྱབ་པའོ་ཞེས་པ་ལྟར་སྤྱིར་སྔགས་ནུས་ཀྱིས་ནམ་མཁར་འགྲོ་བ་དང་ཆུ་རུ་མི་བྱིང་བ་དང་། མེས་མི་ཚིག་པ་སོགས་འབྱུང་ལྔ་ལ་དབང་བསྒྱུར་བའི་བསམ་ཡུལ་ལས་འདས་པའི་རྫུ་འཕྲུལ་མང་པོ་སྟོན་ཐུབ་པས་སོ་སྐྱེས་ཕལ་བའི་བློ་ཡུལ་དུ་ཤོང་དཀའ་བ་ཞིག་ཡིན་པས་ནུས་པའི་ཚད་ནི་འདིའོ་ཞེས་སུས་ཀྱང་སྨྲ་བར་མི་སྤོབས་ལ། ལྷག་པར་དུ་སྐབས་འདིའི་གླེང་བྱ་ན་བ་ནི་མིའི་ཐ་མལ་ལུས་ཁམས་ཀྱི་འདུ་བ་གསུམ་རྒྱུ་རྐྱེན་གང་རུང་གིས་འཕེལ་ཟད་འཁྲུག་གསུམ་དུ་གྱུར་ནས་འབྱུང་ཁམས་མ་སྙོམ་པ་ཡིན་པ་དང་། དེའི་གཉེན་པོ་ནི་ཟས་སྤྱོད་སྨན་དཔྱད་བཞི་ཡིན་པས་ན་སྔགས་ནི་སྤྱི་མཐུན་གྱི་བཅོས་ཐབས་ཤིག་ཡིན་ཏེ། སྔགས་ཆུ༼སྔགས་བཟླས་ཏེ་ཆུ་ལ་ཕུ་བཏབ་ནས་སྔགས་ནུས་ཆུར་ཞུགས་པ༽དང་སྔགས་མར༼སྔགས་བཟླས་ནས་མར་ལ་ཕུ་བཏབ་ནས་སྔགས་ནུས་མར་ལ་ཞུགས་པ༽། ཁ་ཟས་སྤྱི་ལ་སྔགས་ཀྱིས་བྱིན་རླབས་བྱས་ནས་བསྟེན་པ་དང་ཟ་ཡིག༼སྔགས་བྲིས་པའི་ཡི་གེ་སོགས་ཟ་བ༽སོགས་ནི་ཟས་ཀྱི་བཅོས་ཐབས་དང་མཐུན་པ་དང་། འགྲོ་འདུག་ཉལ་གསུམ་གང་རུང་གི་གནས་སྐབས་རྣམས་སུ་སྔགས་ཡིག་དང་སྔགས་ལྡན་བསྲུང་འཁོར་སོགས་མགུལ་དང་དཔུང་བར་འཆང་བ་དང་སྔགས་བཟླ་བ་ནི་སྤྱོད་ལམ་གྱི་བཅོས་ཐབས། མེ་བཙའ་དང་མེ་བུམ། གཏར་ཁའི་སྐབས་རྣམས་ལ་སྔགས་བཟླས་ནས་དེ་དག་གི་ནུས་པ་ཆེ་རུ་གཏོང་བའམ་ཡང་ན་དཔྱད་ལོག་མི་འབྱུང་བའི་ཆེད་དང་ཁྲག་འགོག་པ་བཅས་ནི་དཔྱད་ཀྱི་བཅོས་ཐབས་ཆ་རྐྱེན་མེད་མི་རུང་བ་ཞིག་ཡིན་སྟབས་གཉེན་པོ་བཞི་ཀ་ཆ་ཚང་བ་ཞིག་ཡིན་པ་མ་ཟད། དེ་མིན་སྔགས་ལྡན་དཔེ་མཁྱུད་དང་འདོགས་ཡིག མཚོན་བསྲུང་སོགས་ཀྱིས་གཉན་རིམས་འགོས་ནད་རིགས་དང་གདོན་ནད་གྲིབ་སྐྱོན་དང་མཚོན་རྨ་སོགས་སྔོན་འགོག་བྱེད་ཐུབ་པས་མི་ན་བ་གནས་པར་བྱེད་པའི་ཐད་ལའང་རིན་ཐང་གཞལ་བར་དཀའ་བ་ཞིག་མཆིས་པ་ཡིན་པ་དང་། ཐ་ན་གཏེར་ཆོས་ཀྱི་དཔེ་ཆ་འགར་ཕྱུགས་རིགས་ཀྱི་ནད་བཅོས་རྣམས་ཀྱང་ཕྱོགས་སྒྲིག་གནང་པར་བལྟས་ན་སྔགས་བཅོས་ནི་འགྲོ་དྲུག་གི་གཙོ་བོར་གྱུར་བའི་མི་ཁོ་ནའི་བཅོས་ཐབས་མིན་པར་ཁྱབ་ཁོངས་ཤིན་ཏུ་ཆེ་བའང་ཤེས་སླ་བ་དང་། དེ་ཙམ་མ་ཟད་སྐབས་རེར་གཉེན་པོ་བཞི་ལས་ཀྱང་ཁྱད་དུ་འཕགས་པའི་ཡོན་ཏན་དུ་མ་དང་ལྡན་པ་འདིར་རང་བློས་ལྕོགས་ཚོད་ཀྱིས་ཁྱད་ཆོས་བཅུ་ཙམ་བརྗོད་ན་གཤམ་ལྟར་ཏེ།
༡. སྟབས་བདེ་ཞིང་ཚེགས་ཆུང་བ་སྟེ། སྔགས་ཀྱི་དབང་ལུང་ཁྲིད་གསུམ་ཐོབ་ཅིང་བསྙེན་སྒྲུབ་ཚད་ལྡན་བྱས་པའི་གང་ཟག་གིས་སྔགས༼ཡི་དམ་གྱི་སྔགས་སམ་ནད་སྔགས་གང་རུང༽ལན་གསུམ་མམ་བདུན་དང་། ཉེར་གཅིག་དང་བརྒྱ་སོགས་བགྲང་ནས་ནད་གཞི་གནས་དེར་བཅོས་ཐུབ་པ་ལྟ་བུ་དང་།
༢. ནུས་པ་མྱུར་ཞིང་རྣོ་བ་སྟེ། སྔགས་བཏབ་པ་ཙམ་དང་སྔགས་ཆུ་བཏུང་བ་ཙམ་གྱིས་ཟུག་གཟེར་འཕྲད་དུ་ཞི་བར་བྱེད་པའམ་ནད་ལས་ཐར་བར་བྱེད་པ་ལྟ་བུ།
༣. ཛ་དྲག་གི་ནད་བཅོས་པ་སྟེ། མཚོན་ཁྲག་དང་གཏར་ཁྲག་ཤོར་བ་སོགས་སྔགས་མཐེབ་ཀྱིས་གཅོད་ཐུབ་པ་ལྟ་བུ།
༤. འགྲོ་གྲོན་ཆུང་བ་སྟེ། སྔགས་བཟླས་རྗེས་ཕུ་བཏབ་པ་ཙམ་དང་ཡང་ན་མར་དང་། ཆུ་དང་། ཚྭ་སོགས་རྒྱུན་སྤྱོད་ཀྱི་བྱ་དངོས་ལ་སྔགས་རྒྱབ་ནས་སྨན་བཅོས་བྱེད་པ་ལྟ་བུ།
༥. ནད་བརྒྱ་སྔགས་གཅིག་གི་ཁྱད་ཆོས་དང་ལྡན་པ་སྟེ། རྡོ་རྗེ་གོ་ཁྲབ་དང་དམ་པའི་རྦད་བཞི་མ་སོགས་དྲག་པོའི་སྔགས་རྒོད་རྣམས་ཐབས་ཤེས་མི་འདྲ་བར་བསྟེན་ནས་སྔགས་གཅིག་གིས་ནད་རིགས་མི་འདྲ་བ་མང་པོ་བཅོས་ཐུབ་པ་ལྟ་བུའོ།།
༦. སྨན་དཔྱད་ཀྱིས་བཅོས་དཀའ་བའི་ནད་གཞི་ཁ་ཤས་བཅོས་ཐུབ་སྟེ། རུས་ཆག་ལ་སྔགས་རྒྱབ་ན་འབྱོར་བ་དང་། གདོན་ནད་ཀྱི་རིགས་སོགས་མང་ཆེ་བ་སྔགས་བཅོས་ཀྱི་ཆོ་གས་བཅོས་དགོས་པ་དང་། གཞན་ཡང་བཅོས་དཀའ་བའི་རིགས་བཅོས་ཐུབ་པ་དཔེར་ན་རྭ་ལོ་རྡོ་རྗེ་གྲགས་པས་སྔགས་བརྒྱབ་པ་ཙམ་གྱིས་ཁ་རལ་བ་དང་སྣ་ཆད་པ་སྔར་ལྟར་འབྱོར་བ་སོགས་ལྟ་བུའོ།།
༧. འགོས་ནད་དང་མཚོན་རྨ་སྔོན་འགོག་བྱེད་ཐུབ་པ་སྟེ། སྔགས་བཟླ་བ་དང་བཏགས་པས་གཉན་རིམས་དང་དུག་ནད་སོགས་འགོག་བསྲུང་བྱེད་ཐུབ་པ་དང་རྫས་སྔགས་ཀྱི་མཚོན་བསྲུང་ཚད་ལྡན་བཏགས་ན་མཚོན་གྱིས་མི་ཚུགས་པ་ལྟ་བུའོ།།
༨. བསམ་གྱིས་མི་ཁྱབ་པའི་ཡོན་ཏན་དང་ལྡན་པ་སྟེ། སྦྲུམ་མ་བཙའ་དཀའ་བ་ལ་སྔགས་ཀྱི་ཟ་ཡིག་དང་ཡང་ན་སྔགས་མར་བཏང་ན་མྱུར་དུ་བཙའ་ཞིང་ཕྲུ་གུའི་མགོ་བོར་མར་དང་རྫས་གཞན་འབྱར་འདུག་པ་མངོན་སུམ་དུ་གྲུབ་པ་དང་། སྔགས་ཕུ་བརྒྱབ་པས་རུས་ཆག་འབྱར་བ་སོགས་དེ་དག་ནི་དེང་རབས་ཚན་རིག་གིས་འགྲེལ་བཤད་རྒྱག་མི་ཐུབ་པ་ལྟ་བུའོ།།
༩. སྔགས་གཅིག་པུས་ནད་བཅོས་པ་སྟེ། སྔགས་རྐྱང་ཁོ་ན་བཟླས་ནས་ནད་བཅོས་པའོ།།
༡༠. རྫས་སམ་སྨན་དང་ཟུང་འབྲེལ་གྱིས་ནད་བཅོས་པ་སྟེ། བཙན་དུག་དང་ཤྭ་ཚིལ་སོགས་སྨན་རྫས་རྐྱང་པར་སྔགས་བརྒྱབ་ནས་སྨན་བཅོས་བྱེད་པ་དང་གཞན་ཁྱུང་ལྔ་སོགས་སྦྱོར་ཚར་བའི་སྨན་ལ་སྔགས་ཀྱིས་ངར་འདོགས་པ་སོགས་ལྟ་བུའོ།།
འདིར་དངོས་གཙོ་སྨྲ་བ་དག་གིས་སྔགས་བཅོས་ནི་ཆོས་ལུགས་པ་རྨོངས་དད་ཅན་རྣམས་ཀྱི་བསམ་བློའི་ནང་གི་ལྷ་སྒྲུང་ཞིག་ཡིན་པས་ཕན་མེད་དུ་འདོད་པ་དང་། གལ་ཏེ་དེ་ལ་ནུས་པ་ཆ་ཙམ་བྱུང་ནའང་སེམས་ཁམས་ཀྱི་བཅོས་ཐབས་ཙམ་ལས་མ་འདས་པར་གླེང་བ་ནི་ཁྱི་རྒན་གྱི་ཀུ་ཅོ་དང་འདྲ་སྟེ། ཕྲུ་གུ་དམར་འབྱར་དང་ཕྱུགས་ཟོག་ལ་སྔགས་རྒྱབ་པས་ཕན་ཐོགས་ཡོད་པར་གཞིགས་ནསེམས་ཁམས་སྨན་བཅོས་ཙམ་མིན་པ་ཤེས་སླ་བ་དང་། སྔགས་བཅོས་ཀྱི་ཟབ་ཁྱད་ནི་བོད་ཀྱི་སྔ་རབས་ཀྱི་སྐྱེས་ཆེན་དམ་པ་དག་གི་རྣམ་ཐར་དག་ལས་འབྱུང་བ་ལྟར་ཡིན་ཏེ། དཔེར་ན། འཕགས་མ་ལབ་ཀྱི་སྒྲོལ་མའི་རྣམ་པར་ཐར་པ་ཕུང་པོ་གཟན་སྐྱུར་གྱི་རྣམ་བཤད་མཁའ་འགྲོ་བྱེ་བའི་གསང་ལམ་གྱི་ལེའུ་དང་པོར། གཞན་ཡང་མཛེ་སྨིན་བཞི་བརྒྱ་དང་ཉི་ཤུ་རྩ་བདུན་ལེགས་པར་སོས་ཏེ། སྔར་གྱི་ཤ་ཚད་ལ་ཕྱིན་པ་ལ་སོགས་པའི་ནད་དང་གདོན་གྱིས་ཉེན་པ་གྲངས་ལས་འདས་པ་ལ་ཕན་ཐོགས་པ་དང་། ཞེས་འཕགས་མ་ལབ་སྒྲོན་ཆེན་མོས་སྔགས་ནུས་ཀྱིས་མཛེ་ནད་དང་གདོན་གྱིས་མནར་བའི་འགྲོ་བ་མང་པོའི་སྡུག་བསྔལ་སེལ་བ་དང་། རྙིང་མའི་ཆོས་འབྱུང་གླེགས་བམ་ལས། རྟ་ནག་གི་ཕྱུག་པོ་ཞིག་ལ་ནད་དྲག་པོ་བྱུང་ནས། མོ་ལུང་ལ་ཚོགས་གཏོར་ཐོངས། བླ་མ་འུག་པ་ལུང་པ་ལ་བྱིན་རླབས་ཞུས་ཟེར་བས། ནད་པས་བླ་མའི་དྲུང་དུ་ཕྱིན་པས་ཞལ་མཐོང་བ་ཙམ་གྱིས་བདེར་སོང་། བྱིན་རླབས་ཞུས། ཚོགས་འཁོར་བསྐོར་མ་ཐག་ཏུ་ནད་ལས་གྲོལ། དེ་བཞིན་དུ་ནད་གདོན་གྱིས་མནར་ཚད་ལ་བྱིན་རླབས་དཔག་ཏུ་མེད་པ་བྱུང་བས་སྐྱེ་བོ་རྣམས་དད་དེ་སྐུ་བསོད་ཆེན་པོ་སྐྱེས། ཞེས་པ་ལྟར་སྔ་འགྱུར་འོད་གསལ་སྙིང་པོའི་ཐེག་པའི་སྔགས་འཆང་ཆེན་པོ་ཟུར་ཆེན་ཤཱཀྱ་འབྱུང་གནས་ཀྱིས་སྔགས་ཀྱི་བྱིན་རླབས་ཀྱིས་སྐྱེ་བོ་མང་པོ་ནད་གདོན་ལས་གྲོལ་བར་མཛད་པ་དང་། རིག་འཛིན་བདུད་འཇོམས་རྡོ་རྗེ་རོལ་བ་རྩལ་གྱི་རང་རྣམ་དུ། ཉིན་ཁ་ཤས་ནས་རྐང་བ་གཡོན་པར་རྨས་བཏབ་པ་ཟུག་གཟེར་ཆེ་ཡང་དྲག་པོ་རྟ་ཁྱུང་གི་བསྙེན་པར་ཞུགས་ནས་སྔགས་ཆུ་རྒྱབ་པས་རིང་མིནརྨ་བརྡོལ་ཏེ་གྲོལ་སོང༼དཔེ་འདིས་རང་སྔགས་རང་ལ་མི་ཚུགས་ཞེས་པའི་གཏམ་དེ་མ་དག་པ་ཞིག་ཡིན་པ་སྒྲུབ་སླ་བ་དང་། འདིའི་རིགས་ཀྱི་དཔེ་མཚོན་ཤིན་ཏུ་མང་ནའང་ཡིག་ཚོགས་ལ་འཇིགས་ནས་མ་སྤྲོས་སོ༽ཞེས་སོགས་དང་། གྲུབ་དབང་མར་མི་རུས་གསུམ་དང་སྔགས་པའི་རྒྱལ་པོ་སོ་ཟུར་གནུབས་གསུམ་བཅས་ཀྱིས་མཚོན་སྔོན་བྱོན་གྱི་སྐྱེས་ཆེན་དམ་པ་མཆོག་རྣམ་པའི་རྣམ་ཐར་དག་ན་དཔེ་མཚོན་བརྗོད་ཀྱིས་མི་ལང་བ་བཞུགས་པས་འདིར་རེ་རེ་བཞིན་བགྲང་བར་མ་ནུས་སོ།། ལྷག་པར་སྨན་པའི་རྒྱལ་པོ་གཡུ་ཐོག་གསར་རྙིང་གིས་གཙོ་བྱས་པའི་གསོ་རིག་སྨྲ་བའི་ལྷ་རྗེ་སྔ་རབས་པ་ཐམས་ཅད་ཀྱང་ནང་པ་སངས་རྒྱས་པའི་མདོ་རྒྱུད་ཀྱི་ཆོས་ལ་གོམས་འདྲིས་ཡོད་པས་སྨན་སྔགས་ཟུང་འབྲེལ་གྱི་ཕྱག་ལེན་གནང་མཁན་ཤ་སྟག་བྱུང་བ་ཡིན་ལ། དེ་བཞིན་དེང་སྐབས་ཀྱི་དུས་ལའང་ཤུལ་སྟོང་དུ་མ་སོང་བར་ནུས་ལྡན་གྱི་སྔགས ་པ་དང་བླ་སྤྲུལ་མཆོག་རྣམ་པས་སྔགས་བཅོས་ཀྱི་ཆོ་གས་ནད་པ་མང་པོའི་སྡུག་བསྔལ་སེལ་བཞིན་པར་བཞུག་པ་ཡིན་ནོ།།
གཞན་དུ་ན་དེང་རབས་ཀྱི་ཚན་རིག་པའམ་ནང་བསྟན་ལ་ཞིབ་འཇུག་གནང་མཁན་དག་གིས་སྔགས་ནུས་ཐོན་ཚུན་ནི་མིའི་ལུས་ཀྱི་ཆ་འཕྲིན་ཨང་ཡིག་དང་རླུང་གི་རྒྱུ་འཇུག་ལ་བསྟེན་ནས་ནུས་པ་ཐོན་པར་བཤད་པ་ནི་མ་རྟོགས་པ་དང་ལོག་རྟོག་མཁན་རྣམས་ཀྱི་མིག་གསལ་བྱེད་ཀྱི་མེ་འོད་དང་འདྲ་བ་ཡིན་ལ། སྔགས་ཀྱིས་རྩ་གསུམ་གཙོ་འཁོར་དང་བཅས་པ་བསྐུལ་བ་ལས་ཐུན་མོང་དང་ཐུན་མོན་གྱི་དངོས་གྲུབ་དང་བྱིན་རླབས་ཐོབ་སྟེ་ཕྱི་ནང་གི་འབྱུང་ཁམས་ལ་དབང་བསྒྱུར་ནས་བསམ་གྱིས་མི་ཁྱབ་པའི་ནུས་མཐུ་ཐོན་ཚུལ་ནི་བརྟག་དཔྱད་ཀྱི་ཡུལ་ལས་འདས་པ་ཞིག་ཡིན་ཀྱང་། ཆུ་ཚྭ་སོགས་ལ་སྔགས་བརྒྱབ་པའི་སྔ་རྗེས་ཀྱི་ཁྱད་པར་དང་ནད་པའི་ལུས་ཁམས་ཀྱི་འབྱུང་བར་འགྱུར་ལྡོག་ཇི་ལྟར་འབྱུང་བ་སོགས་ཀྱི་སྐོར་ལ་ཞིབ་འཇུག་པས་གོམ་གང་མདུན་སྤོས་ཀྱིས་བརྟག་དཔྱད་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ་བར་མཐོང་ངོ་།།
 

[ཡོང་ཁུངས་། ངེད་དྲ་བ།] [རྩོམ་པ་པོ། སྨན་པ་ཉི་ཟླ་ལྕེ་ནག་ཚང་།] [ཟླ་ཚེས། 10-01-18] [ཀློག་གྲངས། ]
དཔྱད་གཏམ།
དཔྱད་གཏམ་སྤེལ་བ།