སྔགས་ཀྱི་བཅོས་ཐབས་ནི་བོད་ལུགས་གསོ་རིག་གི་ཡན་ལག་མེད་དུ་མི་རུང་བ་ཞིག་ཡིན།༼ ༢ ༽

༢ སྔགས་ཀྱི་ནུས་པ་འབྱུང་ཚུལ་གྱི་གནད་བཤད།

སྔགས་ཀྱི་བཅོས་ཐབས་ལ་རིགས་མི་འདྲ་བ་ཁག་གཙོ་བོ་གཉིས་མཆིས་ཏེ། གཅིག་ནི་སྔགས་ཀྱིས་རང་ནད་བཅོས་པ་དང་། གཅིག་ནི་གཞན་ནད་བཅོས་པ་སྟེ། འདི་གཉིས་ལ་སྔགས་ནུས་འབྱུང་ཚུལ་མི་འདྲ་བ་ཡོད་དེ། རང་ནད་བཅོས་པ་ལ་ངག་རླུང་གི་ཕན་པ་འབྱུང་བ། བདེན་སྟོབས་ཀྱི་ནུས་ཐོན་པ་དང་ཡི་དམ་ལྷ་ཡི་སྔགས་ནུས་འབྱུང་བ་བཅས་ལས་ཕྱི་མ་གཉིས་ནི་གཞན་ནད་བཅོས་པ་ལའང་མཐུན་ནོ།། དེ་ཡང་ངག་རླུང་གི་ཕན་པ་འབྱུང་ཚུལ་ནི། སྐད་འབྱུང་བའི་རྐྱེན་ལྕེ་དང་། རྐན། མགྲིན་པ། སོ། མཆུ། སྣ་སོགས་ཀྱི་བྱེད་རྩོལ་ལ་བརྟེན་ནས་ངག་འབྱུང་ཕྱིར་སྔགས་ཀྱི་སྒྲ་ཐོན་སྟངས་ཀྱིས་ལུས་ལ་ཕན་པ་དང་། ལྷག་པར་དུ་ལུས་ངག་སེམས་གསུམ་དབྱེར་མེད་དུ་གནས་ཕྱིར། ལུས་ཀྱིས་ངག་སེམས་ལ་ཕན་གནོད་འབྱུང་བ་དང་སེམས་ཀྱི་ནས་པས་ལུས་ངག་ལ་ཕན་གནོད་འབྱུང་བ་བཞིན། ངག་གི་བྱེད་པས་ལུས་སེམས་ལ་ཕན་གནོད་བསྐྱེད་ཐུབ་སྟེ། ངག་གི་སྨྲ་བརྗོད་མང་ན་རླུང་འཕེལ་ནས་ལུས་ཕུང་ན་བ་དང་། དེའི་རྐྱེན་གྱིས་སེམས་མི་བདེ་སོགས་འབྱུང་བ་བཞིན་དུ། ངག་གི་སྨྲ་ཚད་རན་པ་དང་རླུང་རྒྱུ་ཚུལ་གྱིས་ལུས་ཀྱི་རྩ་དང་རླུང་ལ་ཕན་པ་དང་། ལུས་ཀྱི་ནང་སྟོང་དང་། རྩ། ཡི་གེ རླུང་འཛོམས་པའི་རྟེན་འབྲེལ་གྱིས་ངག་བརྗོད་པས་ཏེ། རྡོ་རྗེ་ལུས་ཀྱི་སྦས་བཤད་དུ། དེ་ལྟར་རྩ་ཡི་གེ་དང་རླུང་འཛོམས་པའི་རྟེན་འབྲེལ་ལས་ཚིག་འབྱུང་ན། ངག་བརྗོད་པ་སྒྲ་རུ་གསལ་བར་སྟོན་པ་ནི། ངག་གི་ཆོས་གསུམ་པ་དབྱངས་རྣམས་དང་ཞེས་པ་སྟེ། དེ་ཡང་ཕྱི་འབྱུང་བའི་སྒྲ་ཡང་ནམ་མཁའ་གོ་ཕྱེ་ལས་འབྱུང་ཞིང་ངག་གི་སྒྲ་རུ་བརྗོད་པའང་རྩ་དང་མགྲིན་པ་དང་ལུས་ཀྱི་ནང་སྟོང་པ་ལས་བྱུང་བ་སྟེ། ཞེས་གསུངས་པས་བསྟན་པ་དང་། རང་ནད་བཅོས་ཚུལ་ལ་དབུགས་རྒྱུ་སྟངས་ཀྱིས་རླུང་གི་གནད་ལ་བརྟེན་ནས་ནད་བཅོས་བྱེད་ཐུབ་སྟེ། དཔེར་ན། ཨོ་ཨ་ཧུཾ་ལ་མཚོན་ན། གདངས་དམའ་ལ་དལ་པོར་དབུགས་ནང་དུ་རྔུབ་དུས་ཨོ། གནས་དུས་ཨ་དང་འབྱིན་དུས་ཧུཾ་ཞེས་བཟློ་ན་རླུང་གི་འབྱུང་གནས་འཇུག་གསུམ་ཚུལ་བཞིན་དུ་རྒྱུ་ནས་སྙིང་ནད་དང་གློ་ནད་དང་། ཁྲག་རླུང་སྟོད་འཚང་སོགས་ལ་ཤིན་ཏུ་ཕན་པ་དང་། ཐ་མལ་ནད་མེད་ཀྱིས་འབྲུ་གསུམ་བགྲང་ན་ལུས་ཁམས་བདེ་བ་དང་ནད་གཞི་སྔོན་འགོག་ལ་ཕན་ཐོགས་ཤིན་ཏུ་ཆེ་ཕྱིར། དེ་ལ་རྡོ་རྗེའི་འབྲུ་གསུམ་ཞེས་སྔ་རབས་མཁས་གྲུབ་དག་གིས་མཆོག་ཏུ་བསྔགས་པ་ལ་རྒྱུ་མཚན་མྱོང་བས་གྲུབ་པའོ།། དེ་བཞིན་སྙིང་རླུང་དང་སྲོག་རླུང་གི་ནད་ལ་ཧ་ཞེས་དལ་ལ་རིང་པོར་བགྲང་ན་རླུང་གི་རྒྱུ་སྟངས་ཀྱིས་ནད་བཅོས་ཐུབ་པ་དང་། སེམས་ལས་ཆེ་བ་དང་སྙིང་མི་བདེ་བ་སོགས་སེམས་ནས་མང་པོར་ཨ་བཟླས་ན་ལུས་སེམས་ལྷོད་ལ་བབས་ནས་ཕན་ནུས་ཐོན་པ་སོགས་དང་། དེ་བཞིན་མ་ཎི་ཡིག་དྲུག གུ་རུ་སི་དང་རྡོར་སེམས་ཡིག་བརྒྱ་སོགས་ལ་རླུང་སེམས་རྩ་ཁམས་སུ་རྒྱུ་སྟོབས་ཀྱིས་ནད་རིགས་མང་པོ་བཅོས་ཐུབ་པ་ལྟ་བུ་དང་། གཞན་ཡང་ངག་དང་སེམས་གཉིས་ཟུང་འབྲེལ་གྱིས་ཕན་ནུས་འབྱུང་བ་དཔེར་ན། རང་ལུས་ཡི་དམ་དུ་བསྐྱེད་ནས་ཧུཾ་ཡིག་སྔོན་པོ་མེ་འབར་བ་ཞིག་ལུས་ཀྱི་ནད་ཡོད་སར་དམིགས་ནས་ནད་གཞི་རྩ་ཕུང་ལྟར་དུ་བསྲེགས་པར་དམིགས་ནས་ཧུཾ་ཞེས་སུམ་སྦྲེལ་ལམ་ལྔ་ལྡན་དུ་བཟླས་ན་ནད་རིགས་མང་པོར་ཧ་ཅང་ཕན་པ་དང་། དེ་ལྟར་སྨན་རྒྱལ་གཡུ་ཐོག་ཡོན་ཏན་མགོན་པོས་གསུངས་པའི་གཡུ་ཐོག་སྙིང་ཐིག་གི་བླ་སྒྲུབ་ལས་ཚོགས་སུ་དམིགས་རིམ་མང་པོ་བསྟན་ཡོད་པས་ཤེས་ཐུབ་པ་དང་། བདེན་སྟོབས་ཀྱི་ཚིག་བརྗོད་པས་ནད་གཞི་ཞི་ནུས་པ་ནི། སྔགས་ནུས་ཀྱིས་བདེན་ཚིག་གྲུབ་པའི་སྔགས་འཆང་དག་གིས་བདེན་པའི་ཚིག་ཁོ་ན་བརྗོད་པའི་རྟེན་ འབྲེལ་གྱི་སྟོབས་ལ་བརྟེན་ནས་ནད་གསོས་ཞིང་། སླར་ཚིག་དེ་དག་བྱིན་གྱིས་རླབས་ནས་གཞན་གྱིས་དེ་ལྟར་བརྗོད་ཚེ་ཕན་ནུས་འབྱུང་བ་ཡིན་ཏེ། དཔེར་ན། ཁྲག་གཅོད་སྔགས་ལ་ཐེབ་ཐེབ་ཁྲེབ་ཁྲེབ་ཆོ་ཆོད་ཅེས་བརྗོད་པས་ཕན་པ་དང་། བུ་འབྱུང་བ་ལ་སྲིད་པ་ནུར་ནུར་ཞིག་ཞིག་ཅེས་པས་བུ་སྐྱེ་ཐུབ་པ་སོགས་ཟབ་མོ་གཏེར་ལས་བྱུང་བའི་སྔགས་མང་པོ་ཚུལ་འདི་དང་མཐུན་པར་འབྱུང་བ་ཡིན། འདི་ལ་ཁ་ཅིག་གིས་གཏེར་སྟོན་དག་གིས་གང་འདོད་བྱས་པ་ཙམ་ལས་ཕན་ནུས་མེད་པར་སྨྲ་བ་ནི་གཞུང་དང་ལག་ལེན་གྱི་གནད་མ་གོ་བའི་སྐྱོན་ཁོ་ན་ཡིན་ཏེ། དེ་རྣམས་ལ་མགྲིན་པའི་རྩ་འཁོར་གྲོལ་བའི་རྟེན་འབྲེལ་དང་བྱིན་རླབས་ཀྱི་སྟོབས་ཀྱིས་ཕན་ནུས་འབྱུང་བ་ནི་ཁོ་བོའི་ལག་ལེན་མྱོང་གྲུབ་ཡིན་པས་དཔྱོད་ལྡན་དག་གིས་ཚུལ་ལྡན་དུ་བརྟག་པར་བྱའོ།། ཡི་དམ་སྔགས་ཀྱི་ནུས་པ་ཐོན་ཚུལ་ནི། སྤྱིར་ཡི་དམ་གྱི་སྔགས་རེ་རེའི་ནུས་པ་ནི་འདི་དང་དེའོ་ཞེས་སྨྲ་ཐབས་མེད་དེ། རྒྱུ་མཚན་ནི་རྒྱུད་སྡེའི་སྔགས་དེ་དག་ལ་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡོད་པས་དེའི་མཐའ་དཔག་དཀའ་བས་ཏེ། ཡི་དམ་འཁོར་དང་བཅས་པ་བསྐུལ་ནས་ཡེ་ཤེས་པའི་ནུས་སྟོབས་མངོན་དུ་གྱུར་བས་སོ།། ཡིན་ན་ཡང་། དེ་དག་ལ་སོ་སོའི་ཐུན་མིན་གྱི་ནུས་སྟོབས་སྨོན་ལམ་གྱི་སྟོབས་ཀྱིས་འབྱུང་བ་དཔེར་ན། ཁྲོ་བོ་རྟ་མཆོག་རོལ་བ་ཀླུ་གདོན་དང་ས་བདག་གི་ནད་ལ་བསྔགས་པ་དང་། ཁྱུང་གི་སྔགས་ཆུ་སེར་མཛེ་སོགས་ཀླུ་ཡི་རྐྱེན་ལས་བྱུང་བའི་ནད་ལ་ཕན་པ་དང་། གུར་དྲག་ཀི་ལ་ཡ་དང་རྡོ་རྗེ་གྲོ་ལོད་སོགས་ཀྱི་སྔགས་བརྒྱལ་བསེན་གྱི་རྐྱེན་བྱས་པའི་བསེ་མོག་དང་སྨྱོ་འབོག་གི་ནད་ལ་ཕན་ནུས་ཆེ་བ་སོགས་ཀྱིས་མཚོན་པ་དང་། དེ་བཞིན་མཚོན་བསྲུང་ལའང་འཇིགས་བྱེད་རྭ་པར་སོགས་ཡི་དམ་གྱི་སྔགས་དང་དཔེ་མཁྱུད་དང་འབྲེལ་བའི་བསྲུང་འཁོར་རིགས་མང་པོ་མཆིས་སོ།། གཞན་སྔགས་ཡིག་མིག་གིས་མཐོང་བ་དང་། སྒྲ་གོ་བ། ཡིད་ལ་དྲན་པ་དང་། རླུང་དང་ས་སོགས་ཀྱི་འབྱུང་བ་བརྒྱུད་ནས་ལུས་ལ་རེག་པས་ཕན་པ་སོགས་ལ་ཡང་དག་གི་རྒྱུ་མཚན་དང་ལྡན་ཡང་འདིར་དེ་ཙམ་མོ།།
 

[ཡོང་ཁུངས་། ངེད་དྲ་བ།] [རྩོམ་པ་པོ། སྨན་པ་ཉི་ཟླ་ལྕེ་ནག་ཚང་།] [ཟླ་ཚེས། 10-01-18] [ཀློག་གྲངས། ]
དཔྱད་གཏམ།
དཔྱད་གཏམ་སྤེལ་བ།