སྔགས་ཀྱི་བཅོས་ཐབས་ནི་བོད་ལུགས་གསོ་རིག་གི་ཡན་ལག་མེད་དུ་མི་རུང་བ་ཞིག་ཡིན།༼ ༣ ༽

༣ སྔགས་དང་སྔགས་ཀྱི་བརྒྱུད་རིམ་གྱི་རྣམ་བཤད་གསལ་བསྡུས།
སྔགས་ཞེས་པ་ནི་ལེགས་སྦྱར་སྐད་དུ་མན་ཏྲ་ཞེས་པའི་སྒྲ་ལས་དྲངས་པའི་ཡིད་སྐྱོབ་ཀྱི་དོན་ཏེ། གང་ཟག་གང་ཞིག་གི་ཡིད་ཀྱི་སྣང་བའམ་ཡིད་མཚན་རྟོག་ལས་སྐྱོབ་པར་བྱེད་པའི་ཡི་དམ་བསྲུང་མ་འཁོར་བཅས་བསྐུལ་བར་བྱེད་པའི་གཟུངས་ལ་གོ་བ་ཡིན་ལ། འདིར་རིག་སྔགས་དང་ངན་སྔགས། དྲག་སྔགས་སོགས་དབྱེ་བ་དབྱེ་ཚུལ་མང་ཡང་མདོར་བསྡུ་ན་སྔགས་སྡེ་གསུམ་དུ་འདུ་སྟེ། གཟུངས་སྔགས་དང་རིག་སྔགས། གསང་སྔགས་བཅས་སྡེ་གསུམ་དུ་འདུ་བ་ཡིན། དེ་ཡང་ཐབས་ཀྱི་ཆ་གཙོ་བོར་སྟོན་པའི་རིག་སྔགས་དང་ཤེས་རབ་ཀྱི་ཆ་གཙོ་བོར་སྟོན་པའི་ཟུངས་སྔགས། ཐབས་ཤེས་གཉིས་མེད་བདེ་སྟོང་ཡེ་ཤེས་ཀྱི་ངོ་བོ་གསང་སྔགས་ཏེ། བོད་རྒྱ་ཚིག་མཛོད་ཆེན་པོ་ལས། རིག་སྔགས་ནི་ཡི་དམ་ལྷའི་འཕྲིན་ལས་དང་ཐུགས་རྡོ་རྗེ་ཤེས་རབ་ཀྱི་ཆ་གཙོ་བོར་སྒྲུབ་པའི་སྔགས་ཏེ་བུད་མེད་ཀྱི་གཟུགས་དབྱིབས་ཀྱི་ལྷ་དང་། དེ་སྟོན་པའི་སྒྲ་དང་ཕྱག་རྒྱ་ལ་སོགས་པའོ། ཞེས་དང་། གཟུངས་སྔགས་ནི་ལྷ་སྐུ་དང་གསུངས་རྡོ་རྗེ་ཐབས་གཙོ་བོར་སྒྲུབ་པའི་བདེ་སྟོང་ཡི་གེར་ཤར་བའི་སྔགས་ལ་བྱའོ། ཞེས་དང་། ཡང་དེ་ལས། གསང་སྔགས་ནི་ཤེས་རབ་སྟོང་པ་ཉིད་དང་ཐབས་སྙིང་རྗེ་ཆེན་པོ་ཟུང་དུ་འཇུག་པའི་སྒོ་ནས་ཡིད་མཚན་རྟོག་ལས་སྐྱོབ་པར་བྱེད་པའི་བདེ་བ་ཆེན་པོའི་ཡེ་ཤེས་ལ་བྱའོ་ཞེས་པ་ལྟར་དང་། གོ་བདེ་བར་འགྲེལ་ན་རིག་སྔགས་ནི་རིག་པའམ་ཤེས་རབ་འཕེལ་བར་བྱེད་པའི་སྔགས་དང་། གཟུངས་སྔགས་ནི་སྡུག་བསྔལ་དང་ངན་འགྲོའི་གནས་ལས་ཕར་འདྲེན་པ་སྟེ་གཟུངས་པའམ་འཛིན་པར་བྱེད་པའི་སྔགས་དང་། གསང་སྔགས་ནི་གསང་བ་བཅུ་སོགས་ཀྱི་སྒོ་ནས་སྒྲུབ་དགོས་པའི་སྔགས་ཏེ། དུས་འཁོར་ལས། གསང་བས་སྒྲུབ་ཕྱིར་གསང་སྔགས་སོ་ཞེས་གསུངས་པ་བཞིན་ནོ། །སྐབས་འདིའི་སྔགས་ནི་ཟབ་ལམ་གསང་སྔགས་ཐེག་པ་ཆེན་པོའི་ཁོངས་སུ་འདུ་བས༼སྔགས་བཅོས་སྐབས་སུ་ཞང་ཞུང་དུས་སུ་བྱུང་པའི་བོན་གྱི་སྨར་སྐད་དང་མུ་སྟེགས་པའི་སྔགས་ཀྱང་ཡོད་དོ༽། གང་བྱུང་འཇོལ་ཉོག་ཏུ་སྤྱད་མི་ཆོག་པ་ཀུན་གྱིས་མཁྱེན་གསལ་ལྟར་ཡིན་པས། འདིར་མེད་དུ་མི་རུང་བའི་རྩ་བའི་བརྒྱུད་རིམ་ཅུང་ཟད་བརྗོད་པ་ལ། སྔགས་ལ་ཤིན་ཏུ་གཅེས་པའི་རྩ་དོན་ནི་དབང་ལུང་ཁྲིད་གསུམ་ཡིན་པ་དང་། དེ་ལ་ཐོག་མར་བླ་མ་མཚན་ལྡན་ཞིག་བཙལ་རྒྱུ་ཧ་ཅང་གལ་ཆེ་བ་ཞིག་ཡིན་ལ། མཚན་ལྡན་གྱི་བླ་མ་ནི་རྒྱུད་སྡེ་ཟབ་མོའི་གཞུང་དང་ཕྱག་ལེན་ལ་མཁས་ཤིང་རྩ་བ་ཡན་ལག་གི་དམ་ཚིག་དང་ལྡན་པ། འགྲོ་བ་ཡོངས་ལ་སྙིང་རྗེའི་བརྩེ་སེམས་ཆེ་ཞིང་ཏིང་འཛིན་ཟབ་མོ་ལ་མངའ་བརྙེས་ཤིང་དེ་ལ་རང་དབང་འབྱོར་བས་བྱིན་རླབས་ཆེ་བ་དང་། གདུལ་བྱའི་བློ་དང་བསྟུན་ནས་ཐར་བ་དང་ཐམས་ཅད་མཁྱེན་པའི་ལམ་དུ་འདྲེན་ནུས་པ་ཞིག་སྟེ། རྣལ་འབྱོར་མ་ལས། བླ་མ་མཁས་ཤིང་དམ་ཚིག་ལྡན། །བརྩེ་དང་བསམ་གཏན་བྱིན་རླབས་ཅན། །དམན་སྤངས་ཐར་བའི་ལམ་ལ་འདྲེན། ། འདི་ནི་རྡོ་རྗེ་འཛིན་པ་དངོས། ། ཞེས་དང་། ཇི་སྐད་དུ། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ།། དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །ཞེས་པ་ལྟར་བླ་མ་ནི་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་དང་། རྒྱལ་བ་དང་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་ཀྱི་ངོ་བོ་ཀུན་འདུས་ཡིན་པས་བླ་མའི་བྱིན་རླབས་ཀྱིས་མཆོག་ཐུན་གྱི་དངོས་གྲུབ་ཐོབ་པ་དང་། སྡིག་པ་འདག་ཅིང་འཇིགས་པ་སེལ་བ་དང་སྡུག་བསྔལ་གྱི་མཚོ་ཀློང་ཆེན་པོ་ལས་སྒྲོལ་བར་བྱེད་དེ། རིགས་ལྔ་བདེ་མཆོག་འབྱུང་བའི་རྒྱུད་ལས། མཆོད་པ་ཐམས་ཅད་ཡོང་སྤངས་ནས། །བླ་མའི་མཆོད་པ་ཡང་དག་བརྩམ། །དེ་མཉེས་པ་ལས་ཀུན་མཁྱེན་པའི། །ཡེ་ཤེས་མཆོག་ནི་ཐོབ་པར་འགྱུར། །སློབ་དཔོན་གྱིས་ནི་སྡིག་པ་འཕྲོག །སློབ་དཔོན་གྱིས་ནི་འཇིགས་པ་སེལ། །སློབ་དཔོན་གྱིས་ནི་སྡུག་བསྔལ་གྱི། །རྒྱ་མཚོ་ཆེ་ལས་ཕ་རོལ་སྒྲོལ།།ཞེས་གསུངས་པ་ལྟར་ཡིན་ཀྱང་། དེང་སྐབས་དུས་ཀྱི་དབང་གིས་བླ་མ་མཚན་ལྡན་ཞིག་དཀོན་པས་ན་རང་ཉིད་ལས་ཡོན་ཏན་ཆེ་ཞིང་རང་ཉིད་དད་མོས་ཡོད་པའི་བླ་མ་ཞིག་བསྟེན་ན་ཆོག་སྟེ། གྲུབ་དབང་ཚོགས་དྲུག་རང་གྲོལ་མཆོག་གིས། དེས་ན་བླ་མ་མཚན་ཉིད་དང་མི་ལྡན་ཡང་རང་མོས་གུས་ཆེ་ན་བྱིན་རླབས་ཞུགས། རྒྱུད་གྲོལ་བར་འགྱུར་བས་བླ་མ་ལ་མོས་གུས་འདི་ཤིན་ཏུ་གལ་ཆེ། ཞེས་གསུངས་པ་དང་། ཧེ་རུ་ཀ་དཔལ་འབྲུག་པ་ཀུན་ལེགས་མཆོག་གི་ཞལ་སྔ་ནས། རང་ཉིད་ལ་མོས་གུས་ཡོད་ན་བླ་མ་དམྱལ་བར་གནས་ཀྱང་བྱིན་རླབས་འཇུག་ཅེས་གསུངས་པ་ནི་འགྱུར་མེད་རྡོ་རྗེའི་ཐ་ཚིག་ཏུ་མངོན་པས་རང་གིས་མོས་པ་བྱེད་སའི་བླ་མ་ཞིག་བསྟེན་ན་བྱིན་རླབས་འཇུག་ངེས་པ་ཡིན། འོན་ཀྱང་། བླ་མ་བསྟེན་ཚར་རྒྱབ་དད་ལོག་བྱས་ཏེ་དམ་ཚིག་ཉམས་ན་ནི་རྩ་ལྟུང་དང་པོ་ཕོག་ནས་ཚེ་འདིར་ནད་དང་བགེགས་བར་ཆད་མང་བ་དང་ཕྱི་མར་རྡོ་རྗེའི་དམྱལ་བའི་མེ་ལྕེས་སྙིང་བསྲེག་པར་འགྱུར་བས་གཟབ་པར་རིགས་སོ། ། གསང་སྔགས་སྒྲུབ་པ་ལ་ཐོག་མར་དབང་ཐོབ་ནས་རང་རྒྱུད་སྨིན་ན་ནི་ཅི་བསམ་ལས་ཀུན་འགྲུབ་པའི་ཡོན་ཏན་མཆོག་དང་ལྡན་པ་སྟེ། ཀློང་གསལ་ལས། དབང་ཐོབ་རྒྱུད་སྨིན་ཆོས་སྒོ་འབྱེད། །གསང་སྔགས་དོན་ཀུན་འགྲུབ་པར་འགྱུར། ། ཞེས་དང་། ཡང་དེ་ལས། དབང་ཐོབ་རིགས་ཀྱི་བུ་དེ་ཉིད། །ཚེ་འདིར་བསམ་པ་ཀུན་འགྲུབ་དང་། །ཞེས་པའི་དོན་དང་། སྙིང་གི་མེ་ལོང་ལས། དབང་རྣམས་རབ་ཏུ་ཐོབ་བྱས་ནས། ། གསང་སྔགས་ཐམས་ཅད་མ་སྒྲུབ་འགྲུབ། །ཞེས་པའི་དོན་དང་། སྙིང་གི་མེ་ལོང་ལས། དབང་རྣམས་རབ་ཏུ་ཐོབ་བྱས་ནས། །གསང་སྔགས་ཐམས་ཅད་མ་སྒྲུབ་འགྲུབ། །ཅེས་གསུངས་པ་ལྟར་སྤྱིར་གསང་སྔགས་སྒྲུབ་པ་ལ་དབང་ཐོབ་རྒྱུ་ནི་རྩ་བའི་རྨང་རྡོ་ལྟ་བུ་མེད་དུ་མི་རུང་བ་ཞིག་ཡིན་སྟབས་དབང་མ་ཐོབ་པར་ཇི་ལྟར་སྒྲུབ་ཡང་སྔགས་ཀྱི་དངོས་གྲུབ་དང་བྱིན་ནུས་ཐོབ་མི་ཐུབ་པ་ནི་བྱེ་མ་བཙིར་ནས་མར་མི་ཐོན་པའི་དཔེ་དང་གཉིས་སུ་མེད་དེ། ཕྱག་ཆེན་ཐིག་ལེ་ལས། དབང་མེད་ན་ནི་དངོས་གྲུབ་མེད། །བྱེ་མ་བཙིར་ལ་མར་མེད་ལྟར། །ཞེས་དང་། གཞན་ཡང་སངས་རྒྱས་ཐོད་པ་ལས། དཔེར་ན་པི་ཝང་སྦྱོར་ཀུན་ཚོགས། །རྒྱུད་དང་བྲལ་ན་བརྡུང་མི་རུང་། །དེ་བཞིན་དབང་དང་བྲལ་ན་ནི། །སྔགས་དབང་བསམ་གཏན་འགྲུབ་མི་འགྱུར། །ཞེས་སོགས་ཀྱི་དོན་ལ་བསམ་ནས་དབང་གི་རྒྱུ་མཚན་དང་ཕན་ཡོན་རྟོགས་པར་བྱ་ལ། སྤྱིར་རྣལ་འབྱོར་བླ་མེད་ཀྱི་དབང་བཞི་ཆ་ཚང་ལེགས་པར་ཐོབ་རྗེས་གསང་སྔགས་ཀྱི་དམ་ཚིག་དག་ནི་དཔྲལ་བའི་མིག་དང་ཁོང་གི་སྙིང་ལྟར་ཧ་ཅང་གཅེས་པར་བསྲུང་དགོས་པ་དང་དེ་བསྲུང་བས་ནི་དངོས་གྲུབ་རྣམ་གཉིས་དང་ལས་གང་འདོད་ཐམས་ཅད་ལེགས་པར་འགྲུབ་པ་དང་། རྡོ་རྗེ་འཆང་ཆེན་པོའི་བཅས་པ་ལས་ཉམས་ཚེ་སྔགས་ཀྱི་དངོས་གྲུབ་དང་ནུས་པ་འབྱུང་རྒྱུ་ཕར་ ཞོག་དེ་ལས་ལོག་པའི་སྡུག་བསྔལ་མི་བཟད་པ་སྐྱེ་བ་འདི་ཕྱིར་མྱང་སྲིད་སྟབས། གསང་སྔགས་སྤྱིའི་དམ་ཚིག་རྩ་ལྟུང་བཅུ་བཞི་དང་། དེ་མིན་གསར་རྙིང་གི་རྒྱུང་སོ་སོ་ནས་འབྱུང་བའི་རྩ་བ་དང་ཡན་ལག་གི་དམ་ཚིག་མཐའ་དག་བག་ཡོད་སྒོས་བསྲུང་པར་བྱེད་པ་དང་། ནད་སྔགས་གང་རུང་ལའང་སྐབས་ཐོབ་ཏུ་ཡོད་པའི་སྤང་བླང་གི་གནད་མི་ནོར་བར་བྱའོ། །ལུང་ནི་གཞུང་དང་གསུང་གི་དོན་ལ་འཇུག་ཅིང་། སྔགས་བཅོས་སྐབས་ཀྱི་སྔགས་མང་དག་ཅིག་ལ་ལུང་ཁོ་ནས་ཆོག་པའི་རྒྱུ་མཚན་ཡང་རྒྱལ་དབང་རྡོ་རྗེ་འཆང་ངམ་སྔགས་དེའི་བྱེད་པོ་སངས་རྒྱས་བྱང་སེམས་གང་རིགས་དེ་ནས་རང་ཉིད་བར་ཆོས་རྒྱུན་མ་ཆད་པར་བྱིན་རླབས་དང་ནུས་མཐུ་མ་ཉམས་པར་རང་ཉིད་ལ་འཇུག་ཐུབ་པ་ཡིན་ལ། དཔེར་ན། ཁ་པར་གྱི་སྐུད་པ་ལྟ་བུ་ཡིན་ཞིང་། དེ་ནི་རང་ཉིད་ཀྱི་རྣ་བའི་དབང་པོར་སྔགས་སྒྲ་ཆ་ཚང་ཆད་ལྷག་མེད་པར་ཞུགས་པས་ཆོག་པ་ཡིན། རྒྱུད་གཞུང་མང་ཆེ་བ་མཐའ་དྲུག་ཚུལ་བཞིའི་སྒོ་ནས་བསྟན་ཡོད་པས་རང་ཉིད་ཀྱི་རིག་པ་ཙམ་གྱིས་ནམ་ཡང་སྔགས་ཀྱི་གོ་དོན་དང་ཕྱག་ལེན་རྟོགས་མི་ཐུབ་པ་དང་། ལྷག་པར་དུ་སྔགས་ཀྱི་ཕྱག་ལེན་ཁ་ཅིག་དཔེ་ཆ་དང་གླེགས་བམ་སོགས་སུ་རྩ་ནས་བཀོད་མེད་པར་བླ་མའི་སྙན་བརྒྱུད་ཀྱི་གདམས་པ་ཁོ་ན་ལས་རྟོགས་པར་བྱེད་དགོས། དེ་བས་དེ་ཤེས་པར་བྱེད་པའི་རྒྱུ་ གཙོ་བོ་ནི་བླ་བའི་མན་ངག་གམ་གདམས་ངག་ལ་བསྟེན་དགོས་པ་ཡིན་ལ། བླ་མས་མན་ངག་ཟབ་མོའི་གོ་དོན་རེ་རེ་བཞིན་འདི་དང་འདི་རེད་ཅེས་རི་བོ་མཛུབ་ཚུགས་ཚུལ་གྱིས་གསལ་ཞིང་མ་ནོར་བར་བསྟན་པ་ལ་ཁྲིད་ཅེས་ཟེར་བ་ཡིན་ཞིང་། བླ་མ་མེད་པའི་བསྒོམ་པ་དེ། །ལག་བསྡུམ་བྲག་ལ་འཛེག་པ་འདྲ། །ཞེས་པ་ལྟར་བླ་མའི་གདམས་ངག་ལ་མ་བསྟེན་ན་ལག་ལེན་མཐར་ཕྱིན་པའམ་གཞུང་ལུགས་དེའི་དགོངས་པ་རྟོགས་མི་ཐུབ་པ་ནི་ལག་པ་མེད་པར་བྲག་རི་ལ་འཛེག་མི་ཐུབ་པའི་དཔེས་བསྟན་པ་རེད། དེ་མིན་བླ་མའི་མན་ངག་ནི་གོ་སླ་ཞིང་ཚེགས་ཆུང་ལ་དོན་ཆེ་བས་ན་གླེགས་བམ་གྱི་གཞུང་གང་འདྲ་ཞིག་ལས་ཀྱང་ལྷག་པ་ནི་ཇི་སྐད་དུ། མདོ་རྒྱུད་ཀུན་ལས་བླ་མའི་མན་ངག་ཟབ། །ཅེས་པ་ལྟར་བཀའ་གདམས་གསུང་བགྲོས་ཐོར་བུ་ལས་ཀྱང་། ཇོ་བོའི་ཞལ་ནས། གཞུང་བས་གདམས་ངག་གཙོ་གསུངས། དེ་ཅི་སྟེ་ལགས་ཞུས་པས་སྡེ་སྣོད་གསུམ་ཁ་ཏོན་དུ་འཆད་ཤེས་ཤིང་ཆོས་ཐམས་ཅད་ཀྱི་མཚན་ཉིད་ལ་མཁས་ཀྱང་། ཉམས་སུ་ལེན་པའི་དུས་ན་བླ་མའི་གདམས་ངག་གི་ལག་ལེན་མེད་ན་ནི་ཆོས་དང་གང་ཟག་སོ་སོར་འགྲོ་གསུངས། ཞེས་གསུངས་པ་ལྟར་དང་། གྲུབ་པའི་དབང་ཕྱུག་ཞབས་དཀར་ཚོགས་དྲུག་རང་གྲོལ་མཆོག་གི་ཞལ་སྔ་ནས་ཀྱང་། བླ་མའི་གསུང་གོ་སླ་འཁྱེར་བདེ་ཚེགས་ཆུང་དོན་ཆེ་བས་སངས་རྒྱས་ཀྱི་གསུངས་ལས་ཀྱང་ལྷག་ཅིང་ཟབ་པར་བལྟ་དགོས། ཞེས་གསུངས་པ་ལྟར་ཟབ་མོའི་དོན་ལ་གཞོལ་བའི་རྣལ་འབྱོར་རྣམས་དང་ངག་ནུས་སྒྲུབ་པའི་ལྷ་རྗེ་གང་རུང་གིས་ཀྱང་བླ་མའི་གདམས་ངག་དམར་ཁྲིད་བྱ་རྒྱུ་ནི་ཤིན་ཏུ་ནས་གལ་ཆེའོ། །དེ་ལྟར་དབང་ལུང་ཁྲིད་གསུམ་སོགས་གང་རུང་ཐོབ་རྗེས་ད་ནི་འགྲིག་སོང་སྙམ་ནས་བློ་བདེ་བག་ཡངས་ཀྱིས་དུས་འདའ་བར་བྱེད་ཅིང་སྐབས་རེར་སྔགས་ཙམ་རེ་བཟླས་ནས་ནུས་པ་ཐོན་མདོག་བྱེད་པའམ་ཡང་ན་དཔེ་ཆར་གསུངས་པའི་སྔགས་ནུས་ནི་མི་བདེན་ནོ་བསམ་པ་ནི་རྒྱུ་རྐྱེན་མེད་པར་འབྲས་བུར་རེ་བ་དང་འདྲ་ཕྱིར། བློ་རྩི་གཅིག་སྒྲིམ་གྱིས་ཉམས་ལེན་ལ་འབད་རྒྱུ་གལ་ཆེ་སྟེ། ཐུགས་རྗེ་ཆེན་པོས་ཞལ་ནས། མན་གང་ནང་ནས་གནད་དུ་དྲིལ་བ་ཟབ། །དེ་ཉིད་རང་གིས་ཉམས་སུ་ལེན་པ་ཟབ། །ཉམས་ལེན་ནང་ནས་རྩེ་གཅིག་སྒྲུབ་པ་ཟབ། །ཅེས་ཀྱང་གསུངས་སོ། །སྤྱིར་ བསྐྱེད་རྫོགས་ཟབ་ལམ་ལ་གཞོལ་བའི་སྔགས་འཆང་དག་གིས་གོང་དུ་བརྗོད་པ་ལྟར་དབང་ལུང་ཁྲིད་གསུམ་གྱི་རྒྱ་ལས་ཐར་ཐབས་མི་བྱེད་པར་བསྙེན་སྒྲུབ་མཐར་ཕྱིན་པ་བྱེད་དགོས་ནའང་། ནད་བཅོས་ཙམ་ལ་དམིགས་པའི་སྨན་པས་ནད་སྔགས་ཁོ་ནར་འབད་ན་གཙོ་བོ་ལུང་ཡིན་པའི་རྒྱུ་མཚན་ནི་སྔགས་བཅོས་ཕལ་ཆེ་བར་ལུང་རྒྱུན་གྱིས་ཆོག་པ་དང་དེའི་ཞོར་དུ་བརྡ་དོན་དང་གབ་སྦས་ཀྱི་ཁྲིད་ཀྱང་མ་ནོར་བར་ཤེས་པར་བྱེད་དགོས་ལ། དབང་ལུང་ཁྲིད་གསུམ་ལེགས་པར་ཐོབ་ཅིང་ལྷག་ལྷའི་བསྙེན་པ་ཚད་ལྡན་དུ་འཁྱོལ་པའི་སྐྱེ་བོས་ནད་སྔགས་བགྲང་བའང་གཞན་ལས་རྣོ་ངར་དང་ཟབ་ཁྱད་ཐོན་པ་ནི་མྱོང་གྲུབ་ཀྱི་སྙིང་གཏམ་མོ། །
 

[ཡོང་ཁུངས་། ངེད་དྲ་བ།] [རྩོམ་པ་པོ། སྨན་པ་ཉི་ཟླ་ལྕེ་ནག་ཚང་།] [ཟླ་ཚེས། 10-01-18] [ཀློག་གྲངས། ]
དཔྱད་གཏམ།
དཔྱད་གཏམ་སྤེལ་བ།