༤ སྔགས་ནུས་འབྱུང་བའི་གསང་བཤད་ཀྱི་སྒོ་མོ།
སྔགས་ཀྱི་ནུས་པ་འབྱུང་ཚུལ་འདི་ལ་སྤང་བླང་གི་གནད་མ་འཁྲུལ་བར་བྱེད་པ་ལས་སྤང་བྱ་ལའང་ངག་གི་ཉེས་པ་དང་ཟས་སྤྱོད་རིགས་གཉིས་ལས། དང་པོ་ངག་གི་ཉེས་པ་གཙོ་བོ་ནི་ངག་གི་མི་དགེ་བ་བཞི་སྟེ། རྫུན་ནི་གཞན་བསླུ་བའི་ཆེད་དུ་རྫུན་སྨྲ་བ་རྫུན་ཕལ་བ་དང་། ལས་འབྲས་སངས་རྒྱས་སོགས་ཁས་མི་ལེན་པ་རྫུན་ཆེན་པོ་དང་། རང་ཉིད་ལ་ཡོན་ཏན་མེད་པར་ཡོད་པར་སྨྲ་བ་མི་ཆོས་བླ་མའི་རྫུན་བཅས་གསུམ་དང་། ཚིག་རྩུབ་ནི་ཚིག་འཇམ་རྩུབ་གང་རུང་སྨྲས་ནས་སྐྱེ་བོ་གཞན་གྱི་སྙིང་གཟེར་བར་བྱེད་པའི་ཚིག་ལ་གོ་བ་ཡིན། ཕྲ་མ་ནི་མངོན་སུམ་དུ་མི་གཉིས་བར་དུ་ཕྲ་མ་བྱེད་པ་མངོན་ཕྲ་དང་ལྐོག་ལབ་ཀྱིས་ཕྲ་མ་བྱེད་པ་ལྐོག་ཕྲ་བཅས་གཉིས་དང་། ངག་འཆལ་ནི་སྙིང་དོན་མེད་པའི་ཉོག་གཏམ་ལ་གོ་བ་ཡིན་པས་འདི་དག་ནི་ངེས་པར་སྤང་དགོས་པ་ཡིན། གཉིས་པ་ནི་བཅུད་ཟས་བསྟེན་ནས་བསིལ་སར་གནས་ན་བད་ཀན་འཕེལ་བ་བཞིན་དུ་ཟས་སྐོམ་དང་སྤྱོད་ལམ་བསྟེན་སྟངས་ནོར་ཚེ་སྔགས་ཀྱི་ནུས་པ་འགྱང་བར་བྱེད་སྟབས་འདིའི་རིགས་ལ་ངེས་པར་དུ་ཡང་དག་པའི་དྲན་ཤེས་བརྟེན་དགོས། དེའི་ཕྱིར། གྲུབ་མཆོག་བདུད་འཇོམས་ཁྲག་འཐུང་གླིང་པའི་ཐུན་མིན་གཏེར་ཆོས་དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་སྟོད་སྨད་ཀྱི་འཕྲིན་ལས་ལ་ཉེ་བར་མཁོ་བ་བཅས་ཀྱི་རྣམ་བཞག་རྨོངས་པའི་མིག་འབྱེད་གནད་ཀྱི་གསེར་ཐུར་ལས། སྔགས་ནུས་འཇོམས་པའི་ཟས་ཀྱི་སྤང་བྱ་ནི། དུག་རིགས་འདྲེས་པའི་བཟའ་བཏུང་། ཉམས་གྲིབ་དང་འདྲེ་ཅན་གྱི་ཁ་ཟས། སྒོག་བཙོང་དང་། ལ་ཕུག ལྒ་གཡེར། དམར་ཚྭ། ཁུར་བ། ལྕེའི་དབང་བོ། ཤ་ཆང་སོགས་ཀྱིས་ནུས་པ་འགྱང་བར་བཤད། ཅེས་འབྱུང་བ་ལྟར་ཟས་རིགས་འདི་དག་བསྙེན་སྒྲུབ་ཀྱི་སྐབས་སུ་སྤང་དགོས་པ་དང་། དེ་མིན་དམ་ཉམས་དང་ཁ་འཕྲོ་མི་བསྲེ་བ་དང་། ཟས་ སྐོམ་རིགས་བསྟེན་པ་དང་གཞང་གཅི་དོར་རྗེས་ཁ་བཤལ་ནས་སྔགས་བཟླ་བར་རིགས་སོ། །ཟས་སྐོམ་དེ་རིགས་རྣམ་གཡང་གིས་བསྟེན་ཤོར་བའམ་ཐབས་མེད་ཀྱིས་བསྟེན་དགོས་བྱུང་ཚེ་སྔགས་ནུས་ཉམས་པ་གསོ་བ་ལ་སྔགས་འཆང་གཅོད་ཀྱི་རྒྱལ་པོ་ཕ་དམ་པ་སངས་རྒྱས་མཆོག་གི་མན་ངག་ཟབ་མོ་ནི་འདི་ལྟ་སྟེ། ལྕེ་ཡི་ཤ་ཟོས་སྔགས་ཀྱི་ནུས་པ་གཏན་ནས་བརླག་པས་ནམ་དུ་ཡང་སྤང་པར་བྱའོ། །ལན་ཚྭས་ཞག་བདུན་ནུས་པ་འཕྲོག དེ་ལ་ཀ་ཁ་ག་གྷ་ང་། ཉེར་གཅིག སྒོག་སྐྱས་ཞག་དགུའམ་བརྒྱད། བཙོང་དམར་གྱིས་ཞག་བདུན་ནམ་ལྔ། སྒོག་སྔོན་གྱིས་ཞག་གསུམ་མམ་ལྔ། རི་སྒོག་རྣམས་ཀྱིས་ཞག་གཅིག་ནུས་པ་འཕྲོག དེ་རྣམས་ལ། ཙ་ཚ་ཛ་ཛྙ་ཉ། ཉེར་གཅིག ལ་ཕུག་གིས་ཞག་དགུ། དེ་ལ་ཊ་ཋ་ཌ་ཌྷ་ཎ། ཉེར་གཅིག ཟྭ་ཚོན་གྱིས་ཟླ་བ་ཕྱེད། དེ་ལ། པ་ཕ་བ་བྷ་མ། ཉེར་གཅིག ལག་ལེན་ནི་ཟས་ལ་སོགས་པ་དེ་རྣམས་ཟོས་ནས་ཁ་ཆུས་བཤལ། རང་རང་གི་སྔགས་ཉེར་གཅིག་རེ་བཏབ་ནས་ལན་ཚྭ་ཤར། སྒོག་པ་ལྷོ། ལ་ཕུག་ནུབ། ཟྭ་ཚོད་བྱང་དུ་གསུམ་ཚུ་འཕང་། ལན་ཚྭ་མ་གཏོགས་གཞན་རྣམས་གཏུན་ཁུང་དུ་བརྡུངས་ལ་འཕང་། དེ་རྣམས་གང་ཡང་ཟིན་པའི་རྗེས་སུ་རང་རྡོ་རྗེ་རྣལ་འབྱོར་མ་ཡུད་ཙམ་བསྒོམ། དེ་སྟེང་ཁ་ཆུས་བཤལ། དེ་ནས་བསྒོམ་བཟླས་ལ་ཞུགས་པས་ཟས་ལ་སོགས་ཀྱི་ཉེས་པ་མི་འབྱུང་ཞེས་གསུངས་པ་འདི་ལ་བཞེད་པ་མཐུན་མིན་ཅུང་ཡོད་ཀྱང་སྔགས་འཆང་འབྲི་གུང་ཆོས་གྲགས་མཆོག་གིས་འདི་ཉིད་གནད་ཆེ་ལ་ཟབ་པར་གསུངས་པས་ཡིད་རྟོན་བྱ་རུང་ལ། འགའ་རེས་སྲོག་ཆགས་ཀྱི་ལྕེའི་ཤ་བསྟེན་ཀྱང་ནུས་པ་གསོ་ཐུབ་པར་སྒྲོགས་པ་ནི་བླུན་གཏམ་ཁོ་ནར་ངེས་པ་གོང་གི་མན་ངག་ལས་ར་འཕྲོད་དོ། །
སྔགས་བཟླ་སྐབས་སམ་བསྙེན་སྒྲུབ་བྱེད་སྐབས་ཀྱི་སྤྱོད་ལམ་སྐོར་ནི། གོང་གི་མིག་འབྱེད་གནད་ཐུར་ལས། སྔགས་བཟླ་འཕྲོ་བཞག་ནས་དཔེ་ཆ་བལྟ་བ་དང་ཡི་གེ་འབྲི་བས་མཚོན་ལུས་ངག་ཡིད་གསུམ་གྱི་གཡེང་ཤོར་བའི་རིགས་མི་བྱེད། འོག་སྒོ་ནས་དྲི་ངན་ཤོར་ན་ཐུན་དེའི་སྔ་རོལ་ཏུ་བཟླས་པ་ཅི་ཙམ་སོང་ཡང་གྲངས་ལ་མི་གཏོང་། ཧ་སྦྲིད་དང་སྒྲེག་པ་ཤོར་ན་ཕྲེང་བའི་འཁོར་མཚམས་གང་སླེབས་གྲངས་སུ་མི་གཏོང་པར་དོར་སླར་མདུད་འཛིན་བསུས་ཏེ་འདྲེན། བཟླས་པའི་མཚམས་སུ་ཅིས་ཀྱང་མི་ལ་ངག་གཏོང་དགོས་པ་བྱུང་ན་ཕ་རོལ་པོ་དེ་ཡི་དམ་གྱི་སྐུར་གསལ་བ་ལ་རང་གི་སྨྲ་བརྗོད་ཐམས་ཅད་སྔགས་ཀྱི་རྣམ་པར་འཕྲོས་ནས་ཐིམ་པར་བསམ་པས་སྔགས་ནུས་མི་ཉམས་པར་བཤད་ཅེས་གསུངས་པ་ལྟར་ལག་ལེན་བསྟར་བར་བྱ་བ་དང་། གཞན་ཡང་། དཔལ་ནཱ་རོ་པས། གང་ཞིག་རྣལ་འབྱོར་བ་རྣམས་ཀྱིས། ། སྔགས་ཀྱི་ནུས་པ་བསྐྱེད་འདོད་པས། ། སྔགས་ཀྱི་སྤྱོད་ལམ་ཤེས་བྱ་སྟེ། ། རྣལ་འབྱོར་སྔགས་པས་སྔགས་བགྲང་ཚེ། ། དམ་ཚིག་ཉམས་པའི་མི་དག་དང་། ། ནམ་ཡང་ཁ་འཕྲོ་མི་བསྲེ་ཞིང་། ། སྡིག་པ་ཅན་གྱི་གོས་མི་གྱོན། ། ཁམས་མི་བདེ་བའི་སྐབས་སུ་ནི། ། ངལ་གསོ་ཁམས་བསང་ཆོས་ཉིད་བསྒོམ། ། དད་པ་མེད་དང་ལེ་ལོ་སྤང་། ། མི་མོས་ཉལ་སྔགས་བཟླ་བ་དང་། ། བཟའ་བ་ཟ་ཞིང་སྔགས་ཟློས་སྤང་། །བཏུང་པ་འཐུང་ཞིང་སྔགས་ཟློས་སྤང་། ། ཁ་མ་བཤལ་བར་སྔགས་ཟློས་སྤང་། ། བསམ་པ་མེད་པར་སྔགས་ཟློས་སྤང་། ། ལྷ་མ་གསལ་བར་སྔགས་ཟློས་སྤང་། ། གཉིད་ཀྱི་དབང་དུ་གྱུར་བ་སྤང་། ། གསལ་ཞིང་སྔགས་སྒྲ་ཆེ་བ་སྤང་། ། ཞི་བའི་དུས་སུ་དྲག་པོ་སྤང་། ། དྲག་པོའི་དུས་སུ་ཞི་བ་སྤང་། ། དབང་གི་དུས་སུ་ཞི་བ་སྤང་། ། སྔགས་བཟླས་གཞན་དུ་སྤེལ་བ་སྤང་། ། སྒྲུབ་སྔགས་འཇོམས་ཞིང་བཟླ་བ་སྤང་། ། རླུང་ཁ་ཆེན་པོ་ཆུ་ཆེན་འགྲམ། ། དྲག་སྔགས་ཟབ་མོ་མི་བཟླའོ། ། སྔགས་ཀྱི་ཡིག་འབྲུ་འཕྱར་བ་སྤང་། ། སྒྲ་ངན་ནད་ལ་སོགས་པ་ལ། ། ནུས་པ་ཡོངས་རྫོགས་དམིགས་པ་ཡང་། ། སྣོད་མིན་དག་ལ་སྤེལ་མི་བྱ། ། གསང་སྔགས་གྲོང་ཡུལ་དག་ཏུ་སྤང་། ། ཀྲི་ཡ་ལ་སོགས་སྔགས་རྣམས་དང་། ། འབྲས་བུ་དམན་པའི་སྔགས་ལ་སོགས། ། ཕ་མ་གཉིས་མེད་མ་གཏོགས་རྒྱུད། ། གཞན་ལ་ཤ་ཆང་བུད་མེད་དང་། ། སྒོག་པ་སོགས་སྤང་གཙང་སྦྲ་བྱ། ། འཕྲལ་གྱི་ནུས་པ་འདོད་པ་ལ། །སྨྲ་བཅད་གྲངས་དང་བཅས་པ་འདོན། ། བླ་མེད་དངོས་གྲུབ་འདོད་པ་ལ། ། གཞུང་བཞིན་རྟགས་རྫོགས་བར་དུ་འདོན། ། ཕྱག་རྒྱ་ཆེན་པོ་འདོད་པ་ལ། ། དེ་ཉིད་གསུམ་གསལ་ཡུན་དུ་འདོན། ། ནུས་པ་མྱུར་དུ་སྐྱེ་འདོད་པ། ། སྨྲ་བ་བཅད་པས་དངོས་གྲུབ་འཕེལ། ། ལོ་གཅིག་རང་གང་བཟླས་པ་བས། ། ཟླ་གཅིག་སྨྲ་བཅད་ནུས་པ་ཆེ། ། ཡུལ་དུ་ལོ་གཅིག་བསྒྲུབ་པ་པས། ། དབེན་པར་ཞག་གཅིག་བརྟེན་པ་ལེགས། ། སྒྲུབ་པ་སྔགས་ཀྱི་རྣལ་འབྱོར་བས། ། གདམས་པ་ཉེར་གཅིག་འདི་ལྡན་ན། ། ཚེ་འདིར་མཆོག་དང་ཐུན་མོང་འགྲུབ། ། ཅེས་གསུངས་པའི་སྔགས་ཀྱི་མན་ངག་འདི་ནི་གདམས་པ་ཐམས་ཅད་ཀྱི་ཉིང་ཁུ་དང་སྔགས་པ་དག་གི་སྙིང་ནོར་དུ་གོ་བར་བྱས་ན་འབྲས་བུ་ལྷུན་འགྲུབ་ཏུ་འབྱུང་བར་ཐེ་ཚོམ་མེད་པའི་ཡིད ་བཞིན་ནོར་བུ་དངོས་སོ། ། དེ་མིན་སྒྲ་སྐྱོན་ལྔ་སྟེ། སྣོད་མིན་དང་འབྱུང་པོར་གསང་སྒྲོག་མི་བྱེད་པའི་ཕྱིར་སྒྲ་ཆེ་བ་སྤང་། སྔགས་ནུས་མི་ཐོན་པས་སྒྲ་ཆུང་བ་སྤང་། སྔགས་མ་དག་པའི་བར་ཆད་མེད་ཕྱིར་མགྱོགས་པ་སྤང་། གྲངས་ཚད་མི་ལོན་པས་བུལ་བའམ་དལ་བ་སྤང་། སྔགས་ནུས་མི་འབྱུང་ཕྱིར་ཡིག་འབྲུ་སོགས་མ་ཚང་བ་སྤང་བ་བཅས་དང་། ཆད་སྐྱོན་ནི། གློ་ལུ་བ་དང་གཏམ་སྨྲ་བ། སྦྲིད་པ་འབྱུང་བ། གཉིད་དང་ཡེངས་པ་བཅས་སྔགས་བཟླ་དུས་ཀྱི་སྐྱོན་བཅུ་སྟེ། རྔམ་གློག་ལས། སྒྲ་ཆེན་མ་ཡིན་ཆུང་བ་མིན། ། མགྱོགས་པ་མ་ཡིན་བུལ་བར་མིན། ། དྲག་པོར་མ་ཡིན་ཞན་པར་མིན། ། ཡིག་འབྲུ་ཡན་ལག་ཉམས་པ་མིན། ། ཡེངས་པས་མ་ཡིན་སྨྲ་བཞིན་མིན། ། གླལ་སོགས་བར་དུ་ཆོད་པས་མིན། ། ཞེས་འབྱུང་བ་ལྟར་དང་། སྔགས་བཟླ་དུས་གླལ་སྦྲིད་དང་ལུད་པ་དང་། གཉིད་དང་། དྲི་མ་ཆེ་ཆུང་གཉིས་སོགས་བྱུང་ན་སྔགས་ཀྱི་གྲངས་སུ་མི་གཞུག་པ་དང་འཕྲལ་དུ་ཉེ་རེག་ཁ་བཤལ་བྱེད་པ་དང་ཡིག་བརྒྱས་བཤགས་པ་སོགས་བྱེད་དགོས་སོ། ། གཞན་དུའང་མཆིལ་སྣབས་གང་བྱུང་དུ་མི་འདོར་བ་དང་ཐིག་ལེ་མི་ཉམས་པ། མེ་ལ་ཕུ་མི་བཏབ། ལྕགས་རིགས་དང་མཚོན་རྩེ་ཁ་ལ་མི་འཇུག ཉིན་མོ་མི་གཉིད་པ་དང་ཐུན་ཚད་མ་ཐེམས་བར་དུ་སྨྲ་བ་གཅོད་དགོས་པ་དང་ལུས་གནད་རྣམ་སྣང་ཆོས་བདུན་ལ་འདུག་པའམ་རྡོ་སྐྱིལ་དང་ལུས་དྲང་པོར་བསྲང་དགོས་པ་དང་། སྔགས་ཆུ་སོགས་གང་དགར་མི་གཏོར། གཞང་གཅི་དོར་དུས་མ་གཏོགས་དུས་དང་རྣམ་པ་ཀུན་ཏུ་སྔགས་བགྲང་བ་དང་ལུས་ཡི་དམ་གྱི་ལྷར་གསལ་དགོས། དྲི་མ་དོར་བ་དང་ཟས་སྐོམ་བསྟེན་རྗེས་ཁ་མ་བཤལ་བར་སྔགས་མི་བཟླ་དང་གྲངས་ཚད་མ་རྫོགས་པ་དང་ངག་ནུས་མེད་པར་ནད་གདོན་ལ་མི་སྔགས། ཐུན་གྱི་སྔ་ཕྱིར་འགྱུར་སྔགས་འདོན་པ་དང་། ཞི་བའི་སྔགས་སྔ་དྲོར་ཙན་དན་དཀར་པོ་དང་བ་སོ། དུང་དང་བ་ལུའི་རྒྱུ། བྱང་ཆུབ་ཤིང་སོགས་ཁ་དོག་དཀར་བའི་རིགས་ཀྱི་ཕྲེང་པ་སྙིང་ཁར་ལག་གཡོན་གྱི་མཛུབ་གོང་གཉིས་ཀྱིས་བཟུང་ནས་ཤར་ཕྱོགས་སུ་གདོང་ཕྱོགས་ནས་གོས་ཀྱི་གོང་ཐུལ་གྱི་གོ་ཙམ་འདོན་པ་དང་། རྒྱས་པའི་སྔགས་དྲོས་ཆེན་ལ་འོལ་སེ་དང་ཨ་རུ་རའི་འབྲས་བུ། བོ་ངྷི་ཙ་དང་གསེར་སོགས་སོར་པོའི་རིགས་ཀྱི་ཕྲེང་བ་ལྟེ་བར་ལག་གཡོན་གྱི་མཐེབ་དཀྱིལ་གྱིས་བཟུང་ནས་ལྷོ་ཕྱོགས་སུ་གདོང་ཕྱོགས་ནས་རང་ཉིད་ཀྱི་རྐང་བའི་གོ་ཙམ་གྱི་སྒྲས་འདོན་པ་དང་། དབང་གི་སྔགས་ཉིན་ཕྱེད་ལ་ལང་ཐང་དང་སེང་ལྡེང་། མཛོ་མོ་ཤིང་། བྱུ་རུ་དང་ཙན་དན་དམར་པོ་སོགས་དམར་པོའི་རིགས་ཀྱི་ཕྲེང་བ་གསང་གནས་སུ་ལག་གཡོན་གྱི་མཐེབ་སྲིན་གྱིས་བཟུང་ནས་ཁ་ནུབ་ཏུ་ཕྱོགས་ནས་ལྐོག་གཏམ་གྱི་སྒྲས་འདོན་པ་དང་། དྲག་སྔགས་ནི་སྲོད་ལ་ལྕགས་དང་དང་རཀ་ཥ། གཡུ། ཐོད་ཕྲེང ་དང་ཚེར་ཤིང་སོགས་མདོག་ནག་ཅིང་རྩུབ་པའི་ཕྲེང་བ་ལག་གཡོན་གྱི་མཐེབ་མཐེའུས་པུས་མོར༼འདི་ལ་ལག་གཡས་ཀྱི་མཐེབ་སྲིན་གྱིས་འཛིན་པར་གསུངས་པའང་ཡོད༽བཟུང་ནས་ཁ་བྱང་ཕྱོགས་སུ་འཁོར་ཏེ་གཏུམ་ཆོད་དུ་བཟླ་དགོས་ལ། བཟློག་བསད་སོགས་ཀྱི་དུས་ནི་ནམ་ཕྱེད་དང་ལས་སྣ་ཚོགས་ལ་གཟི་མཆོང་དང་རྒྱུ་སྣ་ཚོགས་ལས་བྱས་པའི་ཕྲེང་བ་དགོས་ནའང་བསྙེན་ཕྲེང་རྒྱན་ཆ་ལྟར་བྱས་ནས་བྱུང་ཚད་འདོགས་པ་ནི་རྟེན་འབྲེལ་ལ་མི་ཆུན་པར་གསུང ས་པས་སྤང་པར་བྱའོ། །འདི་དག་ནི་རྒྱུད་གཞུང་མང་པོ་ལས་གསུངས་པའི་ཉེར་མཁོ་རྣམས་བཀོད་པ་ཡིན་ལ་གསུངས་མི་མཐུན་པའང་ཅི་རིགས་ཡོད་པས་ཐམས་ཅད་ནི་འདིར་བརྗོད་མ་སྤོབས་སོ། ། སྤྱིར་ནད་རེར་སྔགས་རེ་དང་ནད་བརྒྱར་སྔགས་གཅིག་ཡོད་པ་སྐབས་ཐོབ་ལྟར་དུས་གྲངས་རྟགས་སུ་ཚད་ལྡན་དུ་བཟླ་དགོས་ལ། སྤྱི་མཐུན་རྨང་གཞིའི་ངག་ནུས་ཡོད་པར་བྱེད་པ་ལ་ངག་གི་སྒྲིབ་པ་དག་དགོས་ཤིང་དེ་དག་པ་ལ་སྔགས་མཆོག་ཏུ་གྱུར་པ་ནི་རྒྱལ་བ་རྡོ་རྗེ་སེམས་དཔའི་སྙིང་པོ་ཡིག་བརྒྱ་ཡིན་ཏེ། རྫོགས་ཆེན་པ་དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོས། གཞན་ཡང་ངག་ནུས་དང་བྱིན་རླབས་ཀྱི་སྒོ་ནས་གཞན་གྱི་སྲུང་སྐྱོབ་བྱེད་པ་དང་། སད་སེར་དང་ནད་ཡམས་གཅོད་པ། ནད་པ་དང་སྲིའུ་གསོ་བ་སོགས་རང་དོན་དང་གཞན་དོན་སྦྲེལ་མར་བྱེད་པ་རྣམས་ཀྱང་། ངག་ནུས་དང་བྱིན་རླབས་ཡོད་པར་བྱེད་པ་ལ། ངག་གི་སྒྲིབ་པ་དག་པར་བྱེད་པ་ལ་སྙིང་པོ་ཡི་གེ་བརྒྱ་བ་ལས་ལྷག་པ་སུ་ཡང་མེད་པས་དུས་དང་རྣམ་པ་ཐམས་ཅད་དུ་ཡིག་བརྒྱའི་བཟླས་པ་ལ་འབད་པ་གལ་ཆེ་སྟེ། རྗེ་བླ་མའི་ཞལ་ནས་ཀྱང་། ཞལ་ཀྱལ་གྱི་ཚུལ་དུ་གཞན་ལ་བསྲུང་སྐྱོབ་བྱེད་པ་དང་། དཀོར་ཟབ་བ་རྣམས་ཀྱིས་དང་པོ་རང་གི་ངག་གི་སྒྲིབ་པ་སྦྱོང་བ་ལ་ཡིག་བརྒྱ་འབུམ་ཐེར་བརྒྱ་རེ་མ་ཐོན་པའི་ཐབས་མེད་ཅེས་གསུངས། ཞེས་གསུངས་པ་ཇི་བཞིན་དུ་ངག་ནུས་འདོད་པ་དག་གིས་ནི་ཡིག་བརྒྱ་འབུམ་ཐེར་བརྒྱ་རེ་ངེས་པར་དུ་ཐོན་ཐབས་བྱེད་དགོས་པ་དང་། ངག་སྒྲིབ་དག་པའམ་སྲབ་ཏུ་ཕྱིན་རྗེས་སྔགས་རིགས་གཞན་གང་བཏོན་ཀྱང་ནུས་པ་ཆེ་བ་ཡིན་པས་ངག་ནུས་འདོད་པ་རྣམས་ཀྱིས་ཐོག་མཐའ་བར་གསུམ་དུ་འདི་ལ་འབད་པར་རིགས་སོ། །གཞན་དུ་ན་ནད་སྔགས་ཕལ་ཆེ་བར་དམིགས་འཛིན་མེད་པས་རྫས་དང་གྲངས་ཐེམས་པ་གཅེས་པ་དང་། དམིགས་རིམ་ཡོད་པ་དག་ལ་ནི་ཏིང་འཛིན་ངེས་པར་དུ་གསལ་བ་གལ་ཆེ་བའི་རྒྱུ་མཚན་ཡང་། ཇི་སྐད་དུ། དག་དང་མ་དག་སྟོང་འགྱུར་ཡིན། ། ཏིང་འཛིན་ཡོད་མེད་འབུམ་འགྱུར་ཡིན། ། ཞེས་པའི་སྔགས་ཚིག་ཡང་དག་པར་མ་ཀློག་ཚེ་ནུས་པ་མི་འབྱུང་བ་ཡང་། དཔལ་ལྡན་དབང་པོའི་སྡེས། ཏིང་འཛིན་ལྟ་ཅི་སྔགས་ཀྱང་ལོག་གྱུར་ན། ། ཁྱེད་ཀྱི་ཕྱག་རྒྱས་དངོས་གྲུབ་འགྲུབ་རེ་རྐན། ། ཞེས་གསུངས་པས་རང་འདོད་གང་བྱུང་དུ་ཀློག་པར་བྱས་ན་སྙིང་པོ་མེད་སྙམ། འོན་ཀྱང་། སྔགས་པ་གྲུབ་ཆེན་འདར་ཕྱར་བས་སྔགས་མ་དག་པར་བཟླས་ཀྱང་དངོས་གྲུབ་ཐོབ་པའི་དཔེ་ལ་བསམ་ཚེ་གཙོ་ཆེ་བ་ནི་སྒྲུབ་པ་པོས་རྩེ་གཅིག་སྒྲུབ་མིན་དང་། ཀུན་སློང་དང་ཡིད་ཆེས་རྣམ་དག་ལ་རག་ལས་པ་ནི་མངོན་སུམ་ཚད་མས་གྲུབ་བོ། །དེ་ལྟར་རྫས་སྔགས་ཟུང་འཇུག་གི་རྫས་རྣམས་ཀྱང་རབ་ཏུ་ཚང་བ་གལ་ཆེ་སྟེ། ངེས་པ་དོན་གྱི་རྡོ་རྗེ་འཆང་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་མཆོག་གི་ཞལ་སྔ་ནས། སྔགས་ཀྱི་དངོས་གྲུབ་དང་འཕྲིན་ལས་ནི་རྫས་སྔགས་ཏིང་ངེ་འཛིན་ཚོགས་པའི་རྟེན་འབྲེལ་ལ་རག་ལས་པ་ཉིད་ཀྱི་ཕྱིར་རོ། །ཞེས་གསུངས་སོ། ། བོན་གྱི་གསོ་རིག་དང་རྒྱུད་གཞུང་གི་ནད་སྔགས་ནི་ཞང་ཞུང་སྐད་དང་བོད་སྐད་དུ་འབྱུང་བ་དང་། རྒྱ་དཔེ་ལས་འཕྲོས་པ་ནི་ལེགས་སྦྱར་སྐད་དང་འགྱུར་འགའ་ཤས་སུ་བོད་ཡིག་ཀྱང་ཉུང་ཙམ་ཡོད་ལ། གཏེར་ཆོས་ལས་འཕྲོས་པའི་སྔགས་ཡིག་ཕལ་ཆེ་བ་ལེགས་བོད་བསྲེས་པའམ་ཡང་ན་བོད་ཡིག་རྐྱང་མ་ཡིན་ལ་ནང་དོན་ནི་བདེན་ཚིག་འགྲུབ་བྱེད་ཀྱི་རྟེན་འབྲེལ་ཚིག་ཡིན་པས་མི་ཤེས་པ་རྣམས་ཀྱིས་ལོག་པར་གོ་བར་མི་བྱའོ། །
སྨྲས་པ།
སྔགས་སྨན་མི་ཤེས་སྔགས་པའི་མིང་ཅན་གྱིས། །
སྔགས་མིན་སྨན་མིན་གཏམ་ཞིག་འདི་རུ་སྤེལ། །
སྔགས་ཆད་སྨན་ནོར་ཉེས་པ་ཅི་མཆིས་པ། །
སྔགས་སྨན་མཁའ་འགྲོའི་ཆོགས་ལ་མཐོལ་ལོ་བཤགས། །
སྔགས་པ་ཟེར་ཡང་བསྐྱེད་རྫོགས་གདིང་མེད་ལ། །
སྨན་པ་ཡིན་ཡང་ཚ་གྲང་ཁྱད་མི་ཤེས། །
མི་ལོ་བརྒྱད་ལ་སྨན་སྔགས་སྦྱང་པ་ཡིས། །
འདི་ཙམ་སྤེལ་ནས་མི་ཚེའི་རིན་དུ་བཞག །