ས་དཔྱད་ལས་འཕྲོས་པའི་གསོ་རིག་བརྗོད་བྱ་ལ་ཅུང་དཔྱད་པ། ༼ ༡ ༽

སྨན་རྒྱལ་གཡུ་ཐོག་པ་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །


སྤྱིར་བཤད་པ།
ས་དཔྱད་ནི་བོད་ཀྱི་རིག་གནས་རྙིང་བའི་གྲས་ཤིག་ཡིན་ལ།  དེ་ནི་གནའ་མིས་རང་བྱུང་ཁམས་ལ་ངོས་འཛིན་ཡང་དག་བྱས་ཏེ། ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་གཉིས་ཀའི་བར་གྱི་ལྐོག་གྱུར་འབྲེལ་བ་སྟོན་བྱེད་ཀྱི་ཤེས་རིག་ཕུལ་དུ་བྱུང་བ་ཞིག་ཡིན་པ་གོར་མ་ཆག  རིག་གནས་འདི་གནའ་བོའི་ཤར་ཕྱོགས་རྒྱལ་ཁབ་མང་པོར་ཁྱབ་ཆེ་བ་བཞིན་བོད་དུའང་ས་དཔྱད་ཀྱི་སྐོར་བོད་བྱུང་མ་མང་པོ་དར་ཁྱབ་བྱུང་ཡོད་པ་བརྗོད་མི་དགོས་པ་ཞིག་རེད། འོན་ཀྱང་མཁས་རློམ་ཁ་ཅིག་གིས་བོད་ཀྱི་ས་དཔྱད་རིག་པ་ནི་རྒྱ་གར་ནག་ལས་བསྒྱུར་འདྲེན་བྱས་པ་ཞིག་ལ་ངོས་འཛིན་བྱས་ནས་བོད་རང་དུ་ས་སྐྱེས་རྡོ་སྐྱེས་ཀྱི་ས་དཔྱད་བྱུང་མེད་པར་སྨྲ་བ་ནི། མ་དག་པ་ཡིན་ཏེ། བོད་དུ་བོད་རང་ཉིད་ཀྱི་ཐུན་མིན་ཁྱད་ཆོས་དང་ལྡན་པའི་ཞང་ཞུང་བོན་ལུགས་ཀྱི་ས་དཔྱད་ཇི་སྙེད་ཅིག་དར་བ་དང་། གཞན་ཡང་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དང་། ནམ་མཁའི་སྙིང་པོ་དང་མ་ཅིག་ལབ་ཀྱི་སྒྲོན་མ་སོགས་ཀྱིས་མཛད་པའི་བོད་ལུགས་ཀྱི་ས་དཔྱད་གཞུང་མང་པོ་ཡོད་པས་སོ།  །
ས་དཔྱད་ཀྱི་གཞུང་གང་དང་ཅི་ལ་བལྟས་ཀྱང་གསོ་རིག་གི་ནང་དོན་དང་མཐུན་པའི་བརྗོད་བྱ་སྟབས་བདེ་ཇི་སྙེད་ཅིག་བསྟན་འདུག་པས།བོད་སྨན་པ་རྣམས་ལ་ཕན་ཐོགས་པའི་ཤེས་བྱ་མང་དག་འདུག དེའི་ཕྱིར་བོད་ཀྱི་གསོ་རིག་དང་འབྲེལ་བའི་སྒོ་ནས་ས་དཔྱད་ལ་ཞིབ་འཇུག་བྱེད་རྒྱུར་དགེ་མཚན་ཧ་ཅང་ཆེ་བར་མཐོང་། དེ་ཡང་བོད་ཀྱི་གསོ་རིག་ལ་མཚོན་ན། ཕྱི་སྣོད་ཀྱི་འཁོར་ཡུག་དང་ནང་འགྲོ་བའི་ཕུང་པོ་གཉིས་འབྱུང་བ་བཞིའི་བདག་ཉིད་གཅིག་ཏུ་འབྲེལ་བར་གསུངས་ཏེ།  ལྟ་བ་དེའི་སྒོ་ནས་ལུས་ནད་གཉེན་པོ་གསུམ་བདག་གཅིག་ཏུ་འབྲེལ་བ་ཞེས་པའི་སྡོམ་ཚིག་བླ་ན་མེད་པ་དེ་བྱུང་བ་རེད། ཕྱི་སྣོད་ཀྱི་འཇིག་རྟེན་འདི་ཐོག་མར་འབྱུང་བ་བཞིས་གྲུབ་པ་དང་།  དེ་ལ་བརྟེན་ནས་འཚོ་བའི་འགྲོ་བ་ཐམས་ཅད་འབྱུང་བ་བཞི་ལས་གྲུབ་ཕྱིར། རླུང་མཁྲིས་བད་ཀན་གསུམ་ཀྱང་འབྱུང་བཞི་ལས་བྱུང་བ་དང་། དེ་འཕེལ་ཟད་འཁྲུགས་གསུམ་དུ་གྱུར་པ་ལས་ནད་རིགས་སྣ་ཚོགས་འབྱུང་བ་དང་དེའི་གཉེན་པོ་ལ་འབྱུང་བཞི་ལས་གྲུབ་པའི་སྨན་སྦྱོར་གྱིས་སླར་ཡང་སྙོམ་པར་བྱེད་པ་ཡིན། དེས་ན་འབྱུང་ཁམས་དེ་དག་ཕྲ་ཞིང་ཕྲ་བའི་བྱེད་ནུས་ཀྱིས་ལས་བྱེད་པར་ལྟོས་ནས་རགས་པའི་ཚུལ་གྱིས་ཕན་ཚུན་ལ་གནོད་ཀྱི་ནུས་པ་ཐོན་པའང་རྟོགས་སླ།  དེའི་ཕྱིར་བོད་ཀྱི་གསོ་རིག་ཏུ་ས་ཁམས་རིག་པ་དང་མིའི་ལུས་ཀྱི་འཕྲོད་བསྟེན་ལ་འབྲེལ་བ་ཆེན་པོ་ཆགས་པ་བསྟན་ཡོད་དེ། གསོ་རིག་རྩ་རྒྱུད་ཀྱི་གླེང་གཞིར། དགེ་བཅུ་ཚང་བའི་ཡུལ་དུ་ནད་མེད་ཅིང་སྨན་རིགས་མཆོག་རྣམས་སྐྱེ་ཞིང་ཚེ་རིང་བར་བྱེད་པ་ལ་དགོངས་ནས་ཡུལ་ལྗོངས་ཀྱི་བཀོད་པ་ཞིག་ཞིབ་བཤད་བྱས་པ་ནི་ས་དཔྱད་ལྟར་ན་ཁང་པ་དང་ཡུལ་གྱི་ཆགས་ཚུལ་རབ་ཀྱི་རབ་ཏུ་གྱུར་ཡོད་པ་འདི་ལྟར། དྲང་སྲོང་གི་གནས་སྨན་གྱི་གྲོང་ཁྱེར་ལྟ་ན་སྡུག་ཅེས་བྱ་བ་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་གཞལ་ཡས་ཁང་ཡོད་དེ། ཁང་པ་དེའི་རྒྱན་ནི་སྨན་གྱི་ནོར་བུ་རིན་པོ་ཆེ་རྣམ་པ་སྣ་ཚོགས་པས་བརྒྱན་པ་སྟེ། ནོར་བུ་རིན་པོ་ཆེ་དེས་ནི་རླུང་གི་ནད་དང་མཁྲིས་པའི་ནད་དང་བད་ཀན་གྱི་ནད་དང་ལྡན་པའི་ནད་དང་འདུས་ནད་ལས་གྱུར་པའི་ནད་བཞི་བརྒྱ་རྩ་བཞི་སེལ་པར་ད་པ། ཚ་བའི་ནད་ལ་བསིལ་དུ་གྱུར་བ། གྲང་བའི་ནད་ལ་དྲོད་དུ་གྱུར་བ། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བར་བྱེད་པ། དགོས་འདོད་ཐམས་ཅད་ཡིད་བཞིན་དུ་འགྲུབ་པ་ཡོད་དོ།  ། གྲོང་ཁྱེར་དེའི་ལྷོ་ཕྱོགས་ན་རི་བོ་འབིགས་བྱེད་ཅེས་བྱ་བ་ཉི་མའི་སྟོབས་དང་ལྡན་པའི་རི་ལ་སེ་འབྲུ་དང་ན་ལེ་ཤམ་དང་། པི་པི་ལིང་དང་ཙི་ཊ་ཀ་ལ་སོགས་པ་གྲང་བ་སེལ་པར་བྱེད་པའི་སྨན་རོ་ཚ་བ་དང་སྐྱུར་བ་དང་ལན་ཚྭ་བ་དང་ནུས་པ་ཚ་བ་དང་རྣོ་བའི་སྨན་གྱི་ནགས་ཚལ། རྩ་བ་དང་སྡོང་བོ་དང་ཡལ་ག་དང་ལོ་མ་དང་མེ་ཏོག་དང་འབྲས་བུར་ལྡན་པའི་སྨན་དྲི་ཞིམ་པ་དང་ལྟ་ན་སྡུག་པ་ཡིད་དུ་འོང་བ་སྨན་གྱི་དྲིས་ཁྱབ་པ་རྣམས་སུ་གྲང་བའི་ནད་མི་འབྱུང་བ་ཡོད་དོ། །གྲོང་ཁྱེར་དེའི་བྱང་ཕྱོགས་ན་རི་བོ་གངས་ཅན་ཞེས་བྱ་བ་ཟླ་བའི་སྟོབས་དང་ལྡན་པའི་རི་ལ་ཙན་དན་དང་ག་བུར་དང་ཨ་ག་རུ་དང་ནིམ་པ་ལ་སོགས་པ་ཚ་བ་སེར་བར་བྱེད་པའི་སྨན་རོ་ཁ་བ་དང་མངར་བ་དང་བསྐ་བ་དང་ནུས་པ་བསིལ་བ་དང་རྟུལ་བའི་སྨན་གྱི་ནགས་ཚལ། རྩ་བ་དང་སྡོང་བོ་དང་ཡལ་ག་དང་ལོ་མ་དང་མེ་ཏོག་དང་འབྲས་བུར་ལྡན་པའི་སྨན་དྲི་ཞིམ་པ་ལྟ་ན་སྡུག་པ་ཡིད་དུ་འོང་བ་སྨན་གྱི་དྲིས་ཁྱབ་པ་རྣམས་སུ་ཚ་བའི་ནད་མི་འབྱུང་བ་ཡོད་དོ། །གྲོང་ཁྱེར་དེའི་ཤར་ཕྱོགས་ན་རི་བོ་སྤོས་ངད་ལྡན་ཞེས་བྱ་བའི་རི་ལ་ཨ་རུ་རའི་ནགས་ཚལ། རྩ་བས་རུས་པའི་ནད་སེལ་བ། སྡོང་བོས་ཤའི་ནད་སེལ་བ། ཡལ་གས་རྩ་རྒྱུས་ཀྱི་ནད་སེལ་བ། ཤུན་པས་པགས་པའི་ནད་སེལ་བ། ལོ་མས་སྣོད་ཀྱི་ནད་སེལ་བ། མེ་ཏོག་གིས་དབང་པོའི་ནད་སེལ་བ། འབྲས་བུས་དོན་སྙིང་གི་ནད་སེལ་བ། རྩེ་མོ་ན་ཨ་རུ་ར་རྣམ་པ་ལྔ་སྨིན་པ། རོ་དྲུག་དང་ལྡན་པ། ནུས་པ་བརྒྱད་དང་ལྡན་པ། ཞུ་རྗེས་གསུམ་དང་ལྡན་པ། ཡོན་ཏན་བཅུ་བདུན་རྫོགས་པ། ནད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་སེལ་བ། དྲི་ཞིམ་པ་ལྟ་ན་སྡུག་པ་ཡིད་དུ་འོང་བ་སྨན་གྱི་དྲིས་ཁྱབ་པ་རྣམས་སུ་ནད་བཞི་བརྒྱ་རྩ་བཞི་མི་འབྱུང་བ་ཡོད་དོ།  །གྲོང་ཁྱེར་དེའི་ནུབ་ཕྱོགས་ན་རི་བོ་མ་ལ་ཡ་ཞེས་བྱ་བ་བཟང་པོ་དྲུག་གི་སྨན་འཁྲུངས་པ་སྟེ། ནད་ཐམས་ཅད་ཞི་བར་བྱེད་པའི་སྨན་ཅོང་ཞི་རིགས་ལྔ་དང་། བྲག་ཞུན་རིགས་ལྔ་དང་། སྨན་ཆུ་རིགས་ལྔ་དང་། ཆུ་ཚན་རིགས་ལྔ་དང་ལྡན་པའི་སྨན་ཆུ་ཡོད་དོ།  །ས་ཕྱོགས་ཐམས་ཅད་ཀྱང་གུར་གུམ་གྱི་སྤང་རི་དང་སྤོས་ཀྱི་ངད་ལྡང་བ། བྲག་ཐམས་ཅད་ལ་རྡོའི་སྨན་དང་ཚྭ་སྣའི་རིགས་ཚང་བར་ཡོད་པ། སྨན་གྱི་ནགས་ཚལ་གྱི་རྩེ་ན་རྨ་བྱ་དང་ཤང་ཤང་དང་ནེ་ཙོ་ལ་སོགས་བྱ་སྐད་སྙན་པར་སྒྲོག་པ། རྩ་བ་ན་གླང་པོ་ཆེ་དང་དོམ་དང་གླ་བ་ལ་སོགས་པ་སྨན་བཟང་པོ་ཡོད་པའི་སེམས་ཅན་ཚང་བར་གནས་པ། སྨན་གྱི་རིགས་སུ་གྱུར་པ་ལ་མ་འཁྲུངས་པའམ་མ་ཚང་བ་མེད་པའི་རྒྱན་གྱིས་སྤྲས་པའོ། །ཞེས་ཡུལ་དེའི་ས་ཆུ་བཟང་ཞིང་བསིལ་དྲོད་སྙོམ་པ། སྨན་རིགས་འཛོམས་པ་སོགས་ཕུལ་བྱུང་གི་ཡོན་ཏན་དེས་ནད་རིགས་བཞི་རྒྱ་རྩ་བཞི་འགོག་པ་དང་ཞི་བར་བྱེད་པར་གསུངས་པ་དེའི་ཤུགས་སུ། དེ་ལྟ་བའི་ཡུལ་གྱིས་མི་ན་བ་ཚེ་རིང་པོར་གནས་པར་བྱེད་པ་དང་། དེ་ཙམ་མ་བྱུང་ན་ཡང་དེའི་ཡན་ལག་གི་ནུས་པ་ཙམ་རེ་བྱུང་ན་ཡང་བདེ་ཐང་ལ་ཕན་ཐོགས་ཡོད་པ་གོ་ནུས་པས་བོད་སྨན་དུ་བསྟན་པའི་ས་དཔྱད་ཀྱི་རིག་པ་ཕྱོགས་ཙམ་བསྟན་པའོ།  །དེ་བཞིན་གསོ་རིག་རྩ་རྒྱུད་དུ། ངལ་ཅན་གྲང་བ་རླུང་གི་ཡུལ་ཡིན་ཏེ།  །སྐམ་ས་ཚ་གདུང་ཆེ་བ་མཁྲིས་པའི་ཡུལ།  །རླན་ཅན་སྣུམ་པ་བད་ཀན་ཡུལ་དུ་བཤད།  །ཅེས་ཉེས་གསུམ་གྱི་ཡུལ་སོགས་མི་འདྲ་བ་མང་པོ་གསུངས་པ་དང་། ལྷག་པར་སྔོ་སྨན་གྱི་སྐྱེ་ཡུལ་ནི་བོད་ལུགས་གསོ་རིག་གཞུང་དུ་ཤིན་ཏུ་གལ་ཆེ་སྟེ། སྐྱེ་སར་སྐྱེས་དང་ཞེས་པའི་སྐྱེ་ཡུལ་ནི། གངས་ཅན་འབིགས་བྱེད་བསིལ་དྲོད་རང་གནས་སྐྱེས། ཉི་ཟླའི་སྟོབས་ལྡན་སྐྱེ་སར་སྐྱེས་ཞེས་པའི་དོན་ལ། བདུད་རྩི་བུམ་པ་ལས། ས་ཕྱོགས་སྐམ་ཞིང་ས་གཞི་བཟང་།  །དུར་ཁྲོད་ཤིང་ཆེན་ལྷ་གནས་དང་། །གཡང་ས་ཕྱོགས་མཁར་ཅན་མ་གཏོགས། །འཇམ་ཞིང་ཆུ་ནི་གཡས་ནས་འབབ། །འཇག་མ་དུར་ས་དང་ལྡན་པ། །ཐོང་ལྕགས་ཀྱིས་ནི་མ་བསྣད་པ། །ལྗོན་ཤིང་དྲི་མས་མ་ཕོག་པ། །ཁ་དོག་བཅུད་ལ་སོགས་ལྡན་པར།  ། སྨན་སྐྱེས་པ་ནི་བསྔགས་པ་ཡིན།  །འབུས་མ་ཟོས་ཞིང་མེས་མ་ཚིག  ། འབྱུང་བ་སོགས་ཀྱིས་གནོད་མ་གྱུར། །ཉི་གྲིབ་ཆུ་ལ་སོགས་མ་ཉེན། །ཇི་བཞིན་དུས་སུ་བསྟན་གྱུར་པ། །རྩ་བ་ཆེ་ཞིང་གཏིང་དུ་ཟུག  ། བྱང་གི་ཕྱོགས་སུ་བསྟན་པ་བཟང་། །ཞེས་སྔོ་སྨན་སྐྱེ་སའི་ཁྱད་ཆོས་དང་ལྡན་པར་གསལ་པོར་བཤད། དེ་ལ་བོད་ཀྱི་ས་ཁམས་རིག་པའི་ཤེས་བྱ་ནི་གཙོ་བོ་ས་དཔྱད་ཀྱི་སྐབས་སུ་བསྟན་ཡོད་པས། ཕྱི་རང་བྱུང་ཁམས་དང་མིའི་ལུས་ཀྱི་བདེ་ཐང་འཕྲོད་བསྟེན་ཞིབ་འཇུག་གཏིང་ཟབ་བྱེད་ན་ངེས་པར་ས་དཔྱད་ཀྱི་སྙིང་དོན་རྣམས་ངེས་དགོས་པ་ཞིག་ཏུ་མཐོང་། ས་དཔྱད་དུ་ལས་སླ་པོའི་སྒོ་ནས་མིའི་བདེ་ཐང་དང་ཕྱུགས་ཀྱི་གོད་ཁ་དང་། ཚེ་རིང་ནོར་འཕེལ་བ་སོགས་ཀྱི་ནང་དོན་བཤད་ཡོད་པ་མ་ཟད། ཁྱད་པར་ས་ཁམས་མི་འདྲ་བས་ནད་གཞི་མི་འདྲ་བ་ཡོང་བ་དང་། མིའི་ལོ་ཁམས་དང་ས་ཁམས་ཀྱི་འཕྲོད་སྦྱོར་སོགས་ཀྱི་བཤད་པ་རྒྱས་པར་བསྟན་ཡོད་པ་འོག་ཏུ་འཆད་པར་བྱ།
 

[ཡོང་ཁུངས་། ངེད་དྲ་བ།] [རྩོམ་པ་པོ། སྨན་པ་ཉི་ཟླ་ལྕེ་ནག་ཚང་།] [ཟླ་ཚེས། 10-01-21] [ཀློག་གྲངས། ]
དཔྱད་གཏམ།
དཔྱད་གཏམ་སྤེལ་བ།