ས་དཔྱད་དུ་སྨན་རྩིས་ཟུང་འབྲེལ་གྱི་གནད་འགའ་བསྟན་པ།
བོད་ཀྱི་གསོ་རིག་ནང་དུ། དུས་སུ་སྤྱོད་པའི་སྤྱོད་ལམ་སྐབས་སུ། དགུན་སྟོད་སའི་ཁང་པ་དྲོ་པོར་འདུག་དགོས་པ་དང་། དཔྱིད་དུས་དྲི་ཞིམ་སྐྱེད་མོས་ཚལ་གྱི་ཉི་གྲིབ་ལ་འདུག་པ་དང་། སོ་གར་ཤིང་གྲིབ་དང་རྫི་ཆར་བསེར་བུ་ངད་ལྡན་དུ་འདུག་པ་དང་། དབྱར་དུས་ཁང་པར་གོས་བགོ་ནས་འདུག་པ་སོགས་དུས་མི་འདྲ་བར་བསྟུན་ནས་ཡུལ་ཁམས་མི་འདྲ་བར་འདུག་པ་ནི་གནམ་གཤིས་དང་ཡུལ་ལ་འབྲེལ་བའི་སྨན་རྩིས་ཟུང་འབྲེལ་གྱི་འཕྲོད་བསྟེན་ཞིག་ཡིན། ས་དཔྱད་དུ་རྩིས་ལས་བྱུང་བའི་ནང་དོན་སྟབས་བདེ་ཁ་ཅིག་དང་ལྷན་དུ་མིའི་བདེ་ཐང་ངམ་མི་དང་ཡུལ་དེ་གཉིས་འཕྲོད་མིན་གྱི་ལྟ་ཚུལ་ཁ་ཤས་བརྗོད་ཡོད་དེ། ལོ་རྟགས་བཅུ་གཉིས་དང་བསྡུར་ནས་ས་ཡུལ་འཕྲོད་མིན་བཤད་པ་ལ། ས་དཔྱད་རིན་ཆེན་ཀུན་འདུས་ལས། ལོ་སྐོར་བཅུ་གཉིས་ས་དཔྱད་ལ། །ཤར་ཕྱོགས་ནགས་ཚལ་ཤིང་གཅིག་ནི། །ཁྱི་འབྲུག་གླང་ལུག་ལོ་བའི་བདུད། །སྟག་ཡོས་ལོ་བའི་སྲོག་ལ་ཕན། །ལྷོ་ཕྱོགས་བྲག་དམར་ས་དམར་ནི། །རྟ་སྦྲུལ་ལོ་བའི་ཚེ་བསྲིང་སྟེ། །བྱ་སྤྲེལ་ལོ་བའི་སྲོག་གཅོད་བྱེད། །ནུབ་ཕྱོགས་བྲག་དང་རྫ་དཀར་ནི། །བྱ་སྤྲེལ་ལོ་བའི་སྲོག་བསྲིང་སྟེ། །སྟག་ཡོས་ལོ་བའི་སྲོགས་གཅོད་བྱེད། །བྱང་གི་ཆུ་བོ་རྒྱུན་འབབས་ནི། །བྱི་ཕག་ལོ་བའི་ཚེ་བསྲིང་སྟེ། །རྟ་སྦྲུལ་ལོ་བའི་སྲོག་གཅོད་བྱེད། ། མཚམས་བཞི་གང་ཡང་རུང་བ་ནི། །ལྷ་ཁང་མཆོད་རྟེན་ཚ་ཁང་དང་། །གྲོང་བརྡལ་ཐང་ཆུང་གྲུ་བཞི་ནི། །མཚམས་བཞི་ལོ་བའི་སྲོག་ལ་ཕན། །བྱི་ཕག་ལོ་བའི་སྲོག་ལ་གནོད། །དེ་དག་དགྲ་དང་འཕྲད་གྱུར་ན། །ལོ་གསུམ་མི་འགྱངས་རྟགས་སྟོན་ནོ། །ཞེས་དང་། ས་དཔྱད་དོན་ཀུན་གསལ་འདོད་དགུ་འབྱུང་བའི་རིན་ཆེན་བུམ་བཟང་ལས། གནམ་གྱི་བཤད་པ་ལ། གནམ་གྱི་མཆེ་བ་ལྷོར་ཟུག་ན། །རྟ་སྦྲུལ་ལོ་བ་གྲི་རུ་འཆི། །ནུབ་ཟུག་བྱ་སྤྲེལ་བྱང་ཟུག་ན། །བྱི་ཕག་ཤར་ཟུག་སྟག་ལོ་དང་། །ཡོས་བུ་ལོ་བ་གྲི་རུ་འཆི། །རལ་གྲི་གཤིབ་པ་འདྲ་བ་ན། །གྲི་ཤི་རྒྱུན་མི་ཆད་པར་འོང་། །ཞེས་དང་། གནམ་ཟུར་རྣོ་བས་སར་ཟུག་ན། །གནམ་མཆེ་ས་ལ་ཟུག་པ་ཡིན། །ཕོ་ལ་གྲི་ཤི་འབྱུང་བ་ཡིན། །ཞེས་ནམ་མཁའ་ཆགས་ཚུལ་ལམ་མཐོང་ཚུལ་མི་འདྲ་བས་ལོ་ཁམས་མི་འདྲ་བའི་མི་ལ་གནོད་སྐྱོན་ཡོད་པར་བསྟན་པ་དང་། ས་དགྲའི་སྐབས་སུ། ཤར་གྱི་ཤིང་གཅིག་གླང་ལུག་དང་། །ཁྱི་འབྲུག་ལོ་བའི་ས་དགྲ་ཡིན། །ལྷོ་ཡི་བྲག་དམར་ས་དམར་ནི། །བྱ་སྤྲེལ་ལོ་བའི་ས་དགྲ་ཡིན། །མཚམས་བཞིར་ལྷ་ཁང་གྱང་རལ་དང་། །ལྷོ་ནུབ་ཐང་ཆེན་གྲུ་བཞི་དེ། །བྱི་ཕག་ལོ་བའི་ས་དགྲ་ཡིན། །བྱང་གི་ཆུ་བོ་རྒྱུན་འབབ་དེ། །རྟ་སྦྲུལ་ལོ་བའི་ས་དགྲ་ཡིན། །ནུབ་ཀྱི་བྲག་དཀར་ཆེ་ཆུང་དེ། །སྟག་ཡོས་ལོ་བའི་ས་དགྲ་ཡིན། །ཞེས་ཕྱོགས་བཞིའི་ས་བབས་དང་བསྟུན་ནས་ལོ་འཁོར་མི་འདྲ་བར་གནོད་སྐྱོན་ཆེ་སྐད། དེ་ལྟར་ཁམས་ལྔའི་དགྲ་རི་ནི། ཀེག་གི་དགྲ་རི་གངས་རི་དང་བྲག་རི་ཡིན་པ་དང་། ཇི་ཡི་དགྲ་རི་གངས་རི་དང་མཚོ་ཡིན། ཀུངས་ཀྱི་དགྲ་རི་བྲག་དང་རྫ་ཡིན། ཤང་གི་དགྲ་རི་ས་དམར་དང་རི་བྲག་དང་། འུ་ཡི་དགྲ་རི་ཕྱེད་སྤང་དང་ཕྱེད་ས་ཡིན་པར་བཤད་དོ། ། ཤིང་བཟང་བོ་བརྟག་སྐབས་སུ། ཤར་དུ་ཤིང་སྐྱེས་ན་ས་ཁམས་པ་ལ་བཟང་ཞིང་། ལྷོར་ཤིང་སྐྱེས་ན་ལྕགས་ཁམས་པར་བཟང་བ་དང་། ནུབ་ཏུ་ཤིང་སྐྱེས་ན་ཤིང་ཁམས་པ་ལ་བཟང་བ་དང་། བྱང་དུ་སྐྱེས་ན་མེ་ཁམས་པ་ལ་བཟང་བ་དང་། བྱང་དང་ལྷོ་ནུབ་ཏུ་ཤིང་སྐྱེས་ན་ཆུ་ཁམས་པར་བཟང་བ་སོགས་མིའི་ཁམས་དང་རང་བྱུང་ས་གཞིའི་བར་གྱི་འབྲེལ་བ་དག་ལ་འཕྲོད་བསྟེན་གྱི་ནང་དོན་གྱི་སྒོ་ནས་འགྲེལ་བཤད་གནང་བ་དེ་དག ཐུན་མོང་སྤྱི་མཐུན་དང་གསང་བའི་སྒོ་ནས་རྒྱུ་མཚན་མང་དག་ཅིག་ཡོད་སྲིད་པ་ལ་འདིར་ཡིག་ཚོགས་མང་དོགས་ཀྱིས་རེ་རེ་བཞིན་སྤྲོས་པར་མ་བྱས་པ་ཡིན།