ས་དཔྱད་ལས་འཕྲོས་པའི་གསོ་རིག་བརྗོད་བྱ་ལ་ཅུང་དཔྱད་པ།༼ ༣ ༽

ས་དཔྱད་དུ་བསྟན་པའི་སྨན་ཆོས་ཟུང་འབྲེལ་གྱི་ནང་དོན།
བོད་སྨན་གྱི་འབྱུང་ཁུངས་དང་ལོ་རྒྱུས། སྤྱི་ཚོགས་ཀྱི་རྒྱབ་ལྗོངས་གང་གི་སྐབས་སུ་བརྟག་ནའང་བོད་སྨན་ནི་ཆོས་ལུགས་དང་ཟུང་དུ་འབྲེལ་ཡོད་ལ། ནང་དོན་དེའི་ཐོག་ནས་བོད་སྨན་ལ་གདོན་ནད་སོགས་ཐུན་མིན་གྱི་ནད་གཞི་དང་བཅོས་ཐབས་སོགས་བྱུང་། ས་དཔྱད་དུ་གདོན་གྱི་གནས་ཡུལ་འདྲ་མིན་ཁ་གསལ་པོར་བསྟན་ཡོད་པས་ནད་གཞི་དང་ཡུལ་གྱི་གནས་ལུགས་ཀྱི་སྒོ་ནས་གདོན་ནད་ངོས་འཛིན་བྱེད་པར་ཕན་ཐོགས་ཆེན་པོ་ཡོད་པ་རྟོགས་སླ། དེ་ལ་བོད་སྨན་རང་གཞུང་དུ་གདོན་ནད་ཀྱི་ནད་རྟགས་དང་། རྩ་ཆུ་བཅས་ལས་གདོན་ནད་ངོས་འཛིན་བྱེད་པར་བསྟན་པ་དང་། ས་དཔྱད་ཀྱི་རིག་པ་འདིས་ནད་པའི་གནས་ཡུལ་ལས་ནད་བདག་གདོན་ངོས་འཛིན་པར་ཕན་ཐོགས་པ་ཡིན་ཏེ། ལྷ་འདྲེའི་གནས་སའི་གསང་བ་ཤེས་ན། ནད་པ་ན་སའི་ཡུལ་དེའི་གནས་བབ་ཅི་འདྲ་ཡིན་མིན་དང་། དེ་དག་ཕོག་ཐུག་ཤོར་ཡོད་མེད་དང་ཐག་ཉེ་མིན་སོགས་ལས་གདོན་ཅི་ཡིན་ལ་བརྟག་ཐུབ་པ་ཡིན། དེ་ལ་བྲག་རི་ནག་པོ་བདུད་ཀྱི་གནས་དང་། བྲག་དམར་གནམ་འགྱིང་དང་ས་དམར་བཙན་གྱི་གནས། ན་ཀོང་དང་རྐང་གཅིག་ལུ་མ་ཤིང་དང་མཚེའུ་དང་ཆུ་ཕྲན་ཀླུའི་གནས། བྲག་ཕུག་མ་མོའི་གནས་ལ་སོགས་ཏེ། མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་པ་ལས་ས་ཆུ་ཤིང་གི་དཔྱད་པ་ལས། བྲག་ཕུག་མ་མོ་དང་ནི་སྲིན་མོ་གནས། །ནགས་ཁྲོད་དག་ལ་ཀླུ་དང་གནོད་སྦྱིན་གནས། །དུར་ཁྲོད་དག་ན་སྡེ་བརྒྱད་ཕལ་ཆེར་འཚུབས། ། ཤིང་གཅིག་པ་ལ་དབང་ཕྱུག་ཆེན་པོ་གནས། །ས་པྱུག་གད་ཧོལ་ཐེའུ་རང་དམ་སྲི་གནས། །ཞེས་དང་། གངས་རི་གཏན་ཆགས་མགུར་ལྷ་དགེ་བསྙེན་གནས། །ས་བྲག་རི་ལུང་དམར་པོ་བཙན་གྱི་ཡུལ། །དེ་རྣམས་ནགས་དང་འདྲེས་ན་ཀླུ་བཙན་གནས། །བྲག་དཀར་སྤང་དང་འདྲེས་པར་དཀར་ཕྱོགས་གནས། །དེ་ལ་ནགས་ཚལ་རྒྱས་ན་མ་སངས་གནས། །བྲག་དཀར་རིགས་ལ་སྤ་མ་ཕུག་པ་མང་། །ཀླུ་སྨན་གནས་པས་ཐབ་གཞོབ་སྤང་བར་བྱ། །བྲག་དཀར་བྲག་ནག་བྲག་དམར་གསུམ་འདྲེས་ན། །ལྷ་བཙན་བདུད་གསུམ་ཆེ་ཆུང་གང་རིགས་གནས། །མདོག་ནག་བྲག་འཁྲེབ་སྤང་དང་ཤིང་སྤུན་ཅན། །གཞི་བདག་རྨུ་དང་བྲག་གི་སྨན་མོ་གནས། །བྲག་ནག་རི་ནག་དག་ལ་བདུད་གནས་ཤིང་། །ཤིང་དང་ནགས་ཚལ་ཅན་ལ་ཀླུ་བདུད་གནས། །གཡའ་རི་སྨུག་པོར་གཡའ་ཡི་བཙན་གནས་ཞིང་། །གཡའ་རི་ཤིན་ཏུ་འཇམ་ན་གཡའ་སྨན་གནས། །རི་ལུང་རྩུབ་ཅིང་ལུང་གསུམ་འདུས་པའི་མདོར། །སྡེ་བརྒྱད་ཕལ་ཆེར་གནས་པས་ཤིན་ཏུ་འཚུབ། །བྲག་ནག་རི་ནག་བདུད་ཀྱི་ཕོ་བྲང་ཡིན། །དམར་ནག་རི་བྲག་ཁྲལ་ཁྲོལ་ཀླུ་སྲིན་གནས། །ཆུ་བོ་རྣམས་ལ་ཀླུ་བཙན་རྨུ་བཙན་གནས། །རྒྱལ་རིགས་རྗེ་རིགས་བྲམ་ཟེ་དོལ་བ་སོགས། །ཀླུ་རིགས་རྣམ་བཞི་ཕྱོགས་བཞིའི་འབབ་ཆུར་གནས། །དགོན་གནས་ཕོ་བྲང་དག་ལ་རྒྱལ་པོ་དང་། གྲོང་བརྡལ་ཚོང་འདུས་རྣམས་སུ་སྲིན་མོ་གནས། །ཞེས་ཞིབ་རྒྱས་སུ་གསུངས་པ་དང་། དེ་དག་རྒྱུ་བའི་ལམ་ནི། རི་རྩིབས་དང་བྲག་ནག་འགོང་པོའི་ལམ་ཡིན་པ་དང་། གོང་བུ་མདའ་ལྟོང་འདྲ་བ་བཙན་གྱི་ལམ་དང་། ལུང་ཕུ་ཁང་ཁོང་སྲིན་པོའི་ལམ་ཡིན་ཞིང་། སྒང་རི་དང་གཤངས་ངོས་རི་ནི་ལྷའི་ལམ་དང་འབབ་ཆུ་ཆུ་མིག་དང་འབྲེལ་བ་ཀླུའི་ལམ་ཡིན་པར་གསུངས། དེ་དག་གི་གནད་ལ་བསྟེན་ནས་ནད་བདག་གདོན་ངོས་འཛིན་རྒྱུར་ཕན་ཐོགས་ཆེ་བ་མ་ཟད་སྔོན་འགོག་དང་བཅོས་ཐབས་ཆོ་གའི་ཐད་ལའང་རིན་ཐང་གཞལ་བར་དཀའ་བ་ཞིག་མཆིས་སོ། །
 

[ཡོང་ཁུངས་། ཉི་ཟླའི་གསོ་རིག་ཆེད་རྩོམ་གཅེས་བཏུས།] [རྩོམ་པ་པོ། སྨན་པ་ཉི་ཟླ་ལྕེ་ནག་ཚང་།] [ཟླ་ཚེས། 10-01-21] [ཀློག་གྲངས། ]
དཔྱད་གཏམ།
དཔྱད་གཏམ་སྤེལ་བ།