ས་དཔྱད་ལས་འཕྲོས་པའི་གསོ་རིག་བརྗོད་བྱ་ལ་ཅུང་དཔྱད་པ།༼ ༤ ༽

ས་དཔྱད་དུ་བྱེ་བྲག་ནད་གཞིའི་སྐོར་བཤད་པ།
ས་དཔྱད་དུ་སྤྱིར་ཕྱོགས་ཙམ་གྱི་སྒོ་ནས་གསོ་རིག་གི་ནང་དོན་བསྟན་པས་མ་ཚད། ནང་དོན་དམར་རྗེན་གྱིས་གནས་ཡུལ་གང་དུ་ནད་གཞི་གང་འབྱུང་གི་སྐོར་གསལ་པོར་བསྟན་ཡོད་པས། ནད་གཞི་ངོས་འཛིན་དང་བཅོས་ཐབས། ནད་གཞི་སྔོན་འགོག་སོགས་ཕྱོགས་མང་པོ་ནས་ཕན་ཆེ་བ་ཞིག་རེད། དཔེར་ན། ཤར་ཕྱོགས་མཐོ་ན་ན་ཚ་རྒོད་ཅེས་ཁྱིམ་གཞི་དེ་ཆགས་སའི་ཤར་ཕྱོགས་མཐོ་པོ་ཡོད་ཚེ་ནད་རིགས་མང་པོ་ལྡང་བ་དང་། བྲག་ནག་མི་ཙམ་ལངས་པ་ན། ནད་ཚ་དྲག་པོ་འོང་བ་ཡིན། ཞེས་སོགས་ས་གཞི་ཆགས་སྟངས་ཀྱིས་མི་ལ་ན་ཚ་མང་པོ་ཡོང་པ་དང་། ཁྱད་པར་སྤྱིར་ས་ཆ་དེའི་གཏེར་རྡོ་དང་ས་རིགས་དང་ཆུ་ལ་གྲུབ་ཆ་མང་དུ་མཆིས་པ་དེ་དག་ལས་ཁ་ཅིག་མ་སྙོམ་ན། ཡུལ་དེར་ན་ཚ་རིགས་མི་འདྲ་བ་ཡོང་སྲིད་དེ། དཔེར་ན། ས་ཆ་འགའ་ཞིག་ཏུ་ཆུའི་གྲུབ་ཆའི་རྐྱེན་གྱིས་ལྦ་བ་སྐྱེ་བ་མང་པ་ལ་སོགས་པ་སྤྱིར་ཤེས་སླ་བ་ཡིན་ལ། ས་དཔྱད་དུ་རྟགས་དང་རྟེན་འབྲེལ་གྱི་སྒོ་དང་བསྟུན་ནས་ཞིབ་བརྗོད་བྱས་ཡོད་དེ། བཻ་དཀར་དོ་ཤལ་གྱི་ས་དཔྱད་དུ། ཁ་དོག་བསྟན་སྐབས། དཀར་པོ་བཀྲེན་མདོག་ནོར་མི་ཆགས། ། དམར་པོ་གྲི་མདོག་སྐྱེས་དར་མ། །གྲིར་འཆི་སེར་པོ་མཁྲིས་པའི་མདོག། གཅོང་ནད་མཁལ་མའི་ནད་མང་འབྱུང་། །ནག་པོ་དམུ་ཆུའི་མདོག་བྱུང་ན། །སྐྲན་དང་དམུ་རྫིང་ནད་ལྡང་འགྱུར། །སྐྱ་བོ་དུལ་པོ་ཐལ་མདོག་བྱུང་། ། ཟས་བཅུད་ཆུང་ཞིང་བ་ཚྭ་དང་། ། བྱེ་མ་བུ་ཚ་ཐལ་མདོག་མང་། །དཀར་དམར་འདྲེས་མས་ཡུལ་གྱི་མི། །ནད་ཁ་མི་གཤམ་སེར་ནག་འདྲེས། །རིམས་ལྡང་དཀར་ནག་ལྕེ་དིག་མང་། །སྔོ་ནག་མདངས་མེད་ངག་དིག་དང་། །ལྐུགས་པ་མང་དུ་འབྱུང་བར་བཤད། །ཅེས་དང་། གཞན་ཡང་། སྡིག་སྦལ་སྦྲུལ་འདྲ་ཀླུ་ནད་མང་ཞིང་ཤི་པགས་རྒྱངས་པ་དང་འདྲ་ན་རིམས་ནད་མང་བ་དང་། མདོག་དམར་ལ་རྩུབ་ན་མཚོན་རྨའི་ངོ་ཡོད་པ་དང་། སེར་ནག་སྟུག་པོས་གཅོང་ནད་ལྡང་སླ་བ་དང་། གནམ་སྒོ་བཤད་དུས་སུ། ཤར་དུ་གནམ་སྒོ་བྱུང་ན་དམེ་གྲི་དང་ཆུ་གྲི་འོང་པ་དང་། ལྷོར་གནམ་སྒོ་བྱུང་ན་དམེ་གྲི་དང་བསྲུབས་གྲི་ཡོད། ནུབ་ཏུ་གནམ་སྒོ་བྱུང་ན་དམེ་གྲི་དང་སྲན་གྲི་འོང་། བྱུང་དུ་གནམ་སྒོ་བྱུང་ན་དམེ་གྲི་དང་ཆུ་གྲི་ཡོང་། བྱང་ཤར་དུ་བུ་གྲི་དང་སྨྱོ་གྲི་ཡོང་། ཤར་ལྷོར་རྟ་གྲི་དང་ཆུ་གྲི་འོང་། ལྷོ་ནུབ་ཏུ་གནམ་སྒོ་བྱུང་ན་འབྲས་ནད་དང་གག་ལྷོག་འོང་། ནུབ་བྱང་དུ་གནམ་སྒོ་བྱུང་ན་དམུ་སྲན་མཁྲིས་ནད་ཡོང་བ་ཡིན་ནོ། །དེ་བཞིན་ས་སྒོ་ལའང་། ས་སྒོ་བྱང་ཤར་དུ་བྱུང་ན་བྱིས་པའི་སྲོག་ལ་གནོད་པ་དང་། ལྷོ་ནུབ་ཏུ་དོད་ན་མཆིན་ནད་དང་ཞ་གྲུམ་ཡོང་ཞིང་ནུབ་བྱང་དུ་བྱུང་ན་བྱིས་པ་ངན་པར་བཤད་དོ། །ས་དགྲ་ངན་པ་ལ། རི་བྲག་སྡིག་པ་འདྲ་བའི་རྭ་བར་སྦྲུལ་ནག་ཐུར་རྒྱུག་འདྲ་བའི་སྣེ་དང་ཆུ་སྲིན་ཁ་གདངས་དང་མཆོད་རྟེན་དང་གྲོག་སུལ་སྲིན་མོ་རལ་གཡེང་འདྲ་བ་བྱུང་ན་མཛེ་ཤུལ་དང་དམུ་ཆུ་དང་གློ་གཅོང་རྒྱུན་མི་འཆད་པར་ཡོང་བ་དང་། རི་བྲག་བྱའི་མཆུ་གདེར་འདྲ་བ་རྔ་མོའི་གདོང་ཟུག་པ་སེང་གེའི་གདོང་འདྲ་སྦལ་མགོ་རུས་སྦལ་གདོང་འདྲ་སྟག་གི་མགོ་འདྲ་རྣམས་ཟུག་པ་ན་འཕྱེ་པོ་དང་། སྐེ་མཇིང་ཡན་ལག་དབང་པོ་སྐྱོན་ཅན་དང་ཆུ་སེར་གྱི་ནད་མང་བ་སོགས་ས་ཆུའི་ནུས་པ་རང་བྱུང་དུ་གནོད་པར་གྱུར་པ་ཡིན་སྟབས་དེ་དག་ལས་ནད་རིགས་མི་འདྲ་བར་བསྟན་པ་ལ། བོད་སྨན་དུ་ས་བབ་ལ་དམིགས་ནས་ནད་ཀྱི་ཕྱོགས་ཙམ་ལ་དོགས་དཔྱོད་བྱེད་པའི་ཕན་པ་ཆེའོ། །དེ་ལྟར་ས་དཔྱད་དུ་སྤྱིར་ས་དབྱིབས་ཆགས་ཚུལ་གྱིས་ནད་རིགས་མི་འབྱུང་བའམ་འགོག་ཐུབ་པར་བཤད་པ་ལ། རྒྱལ་པོའི་སྨན་ཕོར་འདྲ་བ་དང་། རྨ་བྱའི་གྲེ་བ་འདྲ་བ། བ་གླང་གི་མཁལ་ཁུང་འདྲ་བ། སྦྲུལ་གྱི་སྙིང་འདྲ་བ། དཔག་བསམ་འབྲས་བུ་དང་རིན་ཆེན་འབར་བ་འདྲ་བ་བཅས་དུག་གིས་མི་ཚུགས་པའི་ས་དྲུག་དང་། ཁྱུང་གི་ཨོག་མ་འདྲ་བ་དང་། རུས་སྦལ་ཁོག་འདྲ་བ། རྨ་བྱའི་མདོངས་འདྲ་བ། རྡོ་རྗེ་བཟུང་པ་འདྲ་བ། སྦྲུལ་གྱི་སྤྱི་གཙུག་དང་སེང་གེའི་ཐུགས་འདྲ་རྣམས་ཀླུ་ནད་མཛེ་གཅོད་ས་དྲུག་ཡིན་པ་དང་། ཕུར་བའུ་རྒྱ་མདུད་དང་། དཀྱིལ་འཁོར་གྱི་དབུས། བྲག་ལ་ལམ་གྱིས་བསྐོར་བ་དང་། དེའུ་འབུར་ཆུ་ཡིས་བསྐོར་བ། བྲག་བཅིངས་པ། སེང་གེའི་ཨོག་མ་བཅས་སྨྱོ་འབོག་འདུལ་བའི་ས་དྲུག་བཅས་སོགས་ལ་གནད་ཟབ་མོ་ཡོད་པས་བརྟག་དཔྱད་ཞིབ་འཇུག་གི་རིན་ཐང་ཆེ་བའོ། །
 

[ཡོང་ཁུངས་། ཉི་ཟླའི་གསོ་རིག་ཆེད་རྩོམ་གཅེས་བཏུས།] [རྩོམ་པ་པོ། སྨན་པ་ཉི་ཟླ་ལྕེ་ནག་ཚང་།] [ཟླ་ཚེས། 10-01-21] [ཀློག་གྲངས། ]
དཔྱད་གཏམ།
དཔྱད་གཏམ་སྤེལ་བ།