ས་དཔྱད་ཀྱི་ཡོན་ཏན་ལས་བྱུང་བའི་ནད་གཞི་སྔོན་འགོག་གི་སྐོར།
ནད་གཞི་སྔོན་འགོག་བྱེད་རྒྱུ་ནི་བོད་སྨན་གྱི་ནང་དོན་གཙོ་བོ་ཞིག་ཡིན་ཕྱིར། མི་ན་བ་གནས་པར་བྱེད་པའི་སྐོར་བོད་ཀྱི་གསོ་རིག་གཞུང་དུ། སྤྱོད་ལམ་སྟེ། ཉིན་རེའི་སྤྱོད་ལམ་དང་། དུས་སུ་སྤྱོད་པ། གནས་སྐབས་ཀྱི་སྤྱོད་ལམ་བཅས་དང་། ཁ་ཟས་ཏེ། ཟས་ཀྱི་ཚུལ་དང་། ཁ་ཟས་བསྡམ་པ་དང་བསྲུང་བ། ཁ་ཟས་རན་པར་ཟ་བ་སོགས་ཀྱི་སྒོ་རྒྱས་པར་བཤད་པ་དང་། ས་དཔྱད་དུ་བསྟན་པའི་ས་དགྲ་ནི་ཚེ་སྲོག་ལ་རྒོལ་བའི་བར་ཆད་དམ་ནད་གཞི་འབྱུང་རྐྱེན་ཞིག་ཡིན་པས། དེའི་ཉེས་པ་འགོག་བྱེད་ས་དགྲའི་གནོད་པ་བཟློག་ཐབས་ནི་ངོ་མཚར་ཁྱད་ཆོས་དང་ལྡན་པའི་ནད་གཞི་སྔོན་འགོག་གི་ཡན་ལག་ཅིག་ཏུ་གྱུར་ཡོད་དེ། ས་དགྲ་ཡོད་པའམ་ས་ངན་པ་ཞིག་ཏུ་ནད་མང་ལྡང་ཚེ་དེའི་སྐྱོན་དེ་བསྒྱུར་ཐུབ་ན་ནད་གཞི་སྔོན་འགོག་བྱས་པས་སོ། །ས་དགྲ་བཅོས་ཐབས་ནི་སྤྱིར་ཆོས་ཀྱི་ཆོ་ག་སྔགས་དང་ཕྱག་རྒྱ་དང་། ཏིང་འཛིན་དང་། གཏོར་མཆོད་སོགས་ཀྱིས་བཟློག་པ་དང་། གཞན་འབྱུང་ལྔ་མ་བུ་དགྲ་གྲོགས་སོགས་ཏེ། གཟུགས་སམ་རི་མོ་དང་། ཁ་དོག་སོགས་ཀྱི་བྱེད་ནུས་ཀྱིས་བཟློག་དགོས། དེ་ལ་བོད་ཀྱི་ས་དཔྱད་གཞུང་ཁག་ཏུ་ཆོ་ག་དང་ཐབས་ཤེས་ཕྲ་ཞིང་ཞིབ་ཚགས་པ་མང་དུ་གསུངས་པ་ཆ་ཚང་འདིར་འགོད་དགོས་དོན་མེད་པས། སྤྱི་བཟློག་རགས་ཙམ་ནི། ས་དགྲ་ཕྱོགས་གང་དུ་བྱུང་བ་དེའི་ཕྱོགས་ནས་རྡོ་ཞིག་བླངས་ནས་དེར་རྡོ་རྗེ་རྒྱ་གྲམ་ཚད་ལྡན་དུ་བྲིས་པ་ལ་དཀར་སེར་དམར་ལྗང་མཐིང་གའི་བལ་གྱིས་དཀྲིས་ནས་གོང་མོའི་ངོས་ལ་དཀར་ཁུང་བྱས་ཏེ། ཕྱོགས་གང་ནས་གནོད་པའི་ཕྱོགས་ལ་བཏགས་པས་ས་དགྲ་ཡོད་ཚད་ཐུབ་པར་གསུངས་པ་དང་། སྤྱིར་ཤར་དུ་ལྗོན་ཤིང་ལེགས་པོ་འཛུགས་པ་དང་། ལྷོ་རུ་བུམ་གཏེར་ཚད་ལྡན་འཇོག་པ་དང་། ནུབ་ཏུ་རིགས་གསུམ་མགོན་པོ་བརྩིགས་པ་དང་། བྱང་དུ་མཆོད་ཁང་ངམ་ལྷ་ཁང་བཞེངས་ན་ཡུལ་དེ་དང་ཁྱིམ་དུ་ན་ཚ་དང་བར་ཆད་སོགས་མི་འབྱུང་བ་དང་། དེ་མིན་ས་དགྲ་འདྲ་མིན་སྣ་ཚོགས་ལ་འབྱུང་བའི་ཁམས་དང་དགྲ་གྲོགས་ཕྱོགས་མི་མཐུན་པ་བཞག་པས་ཐུབ་པ་དང་། བཟློག་དཀའ་བ་དག་ལ་བཀྲ་ཤིས་པའི་རི་མོ་བཀྲ་ཤིས་རྟགས་བརྒྱད་དང་ཉི་ཟླ་དང་ནོར་བུ་མེ་འབར་སོགས་བྲིས་ནས་ཕྱོགས་དེ་དག་ཏུ་བསྟན་པས་བཟློག་ཐུབ་པར་གསུངས། ཕྱོགས་མཚམས་ཀྱི་ས་དགྲ་སྤྱི་བཟློག་ལ། ལྕགས་ཀྱི་གཞི་མ་ལ་ཟངས་ཀྱིས་ཆུ་སྲིན་བྲིས་ནས་ཁང་པའི་ཤར་དུ་བཞག་ན་ཤར་གྱི་ས་དགྲ་ཐམས་ཅད་ཐུབ་པ་དང་། ཆུ་རྡོའི་གཞི་མ་ལ་དངུལ་གྱིས་སེང་གེ་བྲིས་ནས་ཁང་པའི་ལྷོར་བཞག་པས་དེའི་ཕྱོགས་ཀྱི་ས་དགྲ་ཐམས་ཅད་ཐུབ་པ་དང་། ཡང་ན་ས་ཚྭ་སྣ་ལྔས་ཀྱང་བཟློག་ཐུབ། ཟངས་ཀྱི་གཞི་ལ་སྣག་ཚས་འབྲུག་གཟུགས་བྲིས་ཏེ་ནུབ་ཏུ་བཞག་ན་ནུབ་དགྲ་ཐམས་ཅད་ཐུབ་པ་དང་ཡང་ན་ས་ཚྭ་སྣ་ལྔས་ཀྱང་བཟློག གསེར་རྡོ་ལ་གསེར་གྱིས་རུས་སྦལ་གྱི་གཟུགས་བྲིས་ནས་བྱང་དུ་བཞག་ན་བྱང་གི་ས་དགྲ་ཐམས་ཅད་ཀྱི་གཤེད་ཡིན་པ་དང་ཡང་ན་མཆོད་རྟེན་གྱིས་ཀྱང་བཟློག་ཐུབ། བྱང་ཤར་གྱི་ས་དགྲ་རྡོ་རྗེ་རྩེ་དགུ་དང་རྩེ་ལྔས་ཐུབ་པ་དང་། ཤར་ལྷོའི་ས་དགྲ་ས་ཚྭ་སྣ་ལྔས་བཟློག ལྷོ་ནུབ་ཀྱི་ས་དགྲ་ས་ཚྭ་སྣ་ལྔས་ཐུབ། ནུབ་བྱང་གི་ས་དགྲ་མཆོད་རྟེན་གྱིས་བཟློག་ཐུབ་པར་སྔ་རབས་མཁས་པ་རྣམས་ཀྱིས་གསུངས་སོ། །