སྨན་དང་ས་དཔྱད་དུ་བསྟན་པའི་བཏུང་བ་ཆུའི་སྐོར།
སྤྱིར་བོད་ཀྱི་གསོ་རིག་གཞུང་དུ་གསོ་བྱེད་ཐབས་ལ་ཟས་སྤྱོད་སྨན་དཔྱད་བཅས་རིགས་ཆེན་པོ་བཞི་བྱུང་བ་ལས། ཟས་ནི་ཟས་སྐོམ་གྱི་དོན་ཡིན་ཞིང་སྐོམ་ཐམས་ཅད་ཀྱི་རྩ་བ་ནི་ཆུ་ཡིན། ཆུ་ལ་བོད་སྨན་དུ་དབྱེ་བ་དང་བྱེད་ནུས་སོགས་གསལ་དུ་བསྟན་ཡོད་དེ། འཚོ་བ་ཟས་ཀྱི་གནས་སྐབས་སུ། ཆུ་ལ། ཆར་ཆུ་དང་། གངས་ཆུ་དང་། ཆུ་ཀློང་གི་ཆུ་དང་། ཆུ་མིག་དང་། ཁྲོན་པའི་ཆུ་དང་། བ་ཚྭ་ཅན་གྱི་ཆུ་དང་། ནགས་ཚལ་ལས་བྱུང་བའི་བ་ཚྭ་ཤིང་གི་ཆུ་བཅས་རིགས་བདུན་དུ་དབྱེ་བ་དང་། དེ་དག་གི་ཕན་ནུས་ནི་ཆར་ཆུ་ནི་བཏུང་ན་རོ་མི་གསལ་ལ་ཞིམ་ཞིང་ཡིད་ངོམས་པ་དང་། བསིལ་ལ་ཡང་བས་བདུད་རྩི་དང་འདྲ་བ་དང་། གངས་རི་ལས་བྱུང་བའི་ཤུགས་དྲག་བརྡབ་པའི་ཆུ་ནི་བཟང་ཡང་བསིལ་དྲགས་པས་ཕོ་བའི་མེ་དྲོད་ཀྱིས་ཐུབ་དཀའ་བ་དང་། ཆུ་བརྟན་ལ་གཡུང་བས་སྲིན་ནད་དང་རྐང་བམ་སྙིང་ནད་བསྐྱེད་པ་དང་། ས་གཙང་སར་ཉི་འོད་ཕོག་པ་བཟང་ཞིང་། འདམ་རྫབ་དང་ཉ་ལིབས་རྩ་ལོ་དང་ཤིང་གྲིབ་ཕོག་པ་དང་། བ་ཚྭ་དང་ཉ་སྦལ་དང་ཆུ་སྲིན་སོགས་སྲོག་ཆགས་མང་དུ་གནས་པའི་ཆུས་ཉེས་པ་ཀུན་བསྐྱེད་པ་དང་། སྤྱིར་ཆུ་གྲང་མོས་བརྒྱལ་བ་དང་། ངལ་གྱིས་དུབ་པ། ཆང་ནད་དང་མགོ་འཁོར་བ། སྐྱུག་པ་དང་། སྐོམ་དད་སེལ་ཞིང་། མཁྲིས་ནད་དང་ཚ་བ་དུག་ནད་སོགས་སེལ་ཐུབ་པ་དང་། ཆུ་སྐོལ་གྱིས་ཟས་འཇུ་ཞིང་སྐྱིགས་བུ་སེལ་བ་དང་། བད་ཀན་ནད་དང་ལྟོ་སྦོས་པ་དང་། དབུགས་མི་བདེ་བ་དང་ཆམ་པ་དང་རིམས་གསར་སོགས་འཕྲལ་དུ་བཟློག་པར་བྱེད་པ་ཡིན། བསྐོལ་གྲང་གིས་བད་ཀན་མི་བསྐྱེད་པར་མཁྲིས་པར་ཕན་པ་དང་ཞག་གཅིག་ལོན་ན་དུག་དང་འདྲ་བ་དང་། རང་བྱུང་ཆུ་ཚན་ནི་གཏེར་རྡོའི་ནུས་པར་ལྟོས་ནས་ཆུ་ཚན་རིགས་ལྔ་དང་དེ་དག་ལ་ཕན་ནུས་མི་འདྲ་བ་མང་དུ་གསུངས་ཤིང་རྒྱུད་འགྲེལ་བཻ་སྔོན་དང་མེས་ཞལ་སོགས་སུ་ཞིབ་རྒྱས་ཀྱིས་འགྲེལ་བ་བྱས་ཡོད་པས། ཆུ་ནི་བོད་སྨན་གྱི་གཞུང་དུ་ནང་དོན་རྒྱས་པར་བཤད་ཡོད་པའི་སྨན་རྫས་ཤིག་ཏུ་གྱུར་ཡོད། ས་དཔྱད་ལས་བྱུང་བའི་ཆུ་ནི་ཕལ་ཆེ་བ་ཆུ་དེའི་རྟེན་འབྲེལ་གྱི་ནུས་པར་ལྟོས་ནས་མི་རྒྱུད་འཕེལ་མིན་དང་། ཚེ་རིང་མིན་དང་མི་ལ་ཕན་མིན་གྱི་སྒོ་ནས་བསྟན་ཡོད་ལ། དེ་དག་གསོ་རིག་གི་ལྟ་བའི་ཆ་ནས་དཔྱད་ནའང་རིན་ཐང་ངེས་ཅན་ཡོད་པ་ཞིག་ཏུ་འདུག་སྟེ། རང་བྱུང་གི་ཆུ་ལས་སྤྱིར་ལེགས་ཉེས་ལ་ཅུང་བརྟག་ཐུབ། ཆུ་འགོ་མང་བརྡོལ་ན་མི་མང་དུ་འཕེལ་བ་དང་། ལྷོ་ནས་ཆུ་རྡོལ་ན་བུ་སྲིང་དང་ཕ་མ་ནད་མེད་རིང་དུ་འཚོ་བ་དང་། ས་དམར་ལས་ཆུ་བབ་ན་དུག་ནད་ལྡང་བ་དང་། ཤར་ཕྱོགས་ནས་རྡོལ་ན་སྲིན་ནད་མང་བ་དང་། ཆུ་ཀྱག་ཀྱོག་ཡིན་ན་གཅོང་ནད་དམུ་ཆུ་ཡོང་བ་དང་། རྫིང་བུ་ཁྲོན་པ་ཡོད་སར་གླེན་ལྐུགས་མང་བ་དང་། ཆུ་མིག་རྐུབ་འདྲ་བྱུང་ན་ངག་དིག་ལྐུགས་པ་མང་བ་སོགས་ནི་སྨན་གཞུང་དུ་བྱུང་པའི་ཆུའི་ནང་དོན་གྱི་ཁ་གསབ་ལྟ་བུར་མངོན། བསྲུང་བཞིའི་ངན་དགུ་བཤད་པ་ལ་ཆུ་འབྲུག་ཡིན་པ་དང་། དེའི་དགྲ་ནི་ཆུ་ལ་ཟམ་པ་བཙུགས་པ་ཡིན་ལ། ལམ་གྱི་དབུས་ན་ཆུ་ངན་ཤར་ཤར་འབབ་པ་སྟག་གིས་རོ་ཁུར་ཡིན། ཆུའི་དཀྱིལ་དུ་ནེའུ་དང་ས་ཆགས་ན་འབྲུག་གིས་རོ་ཁུར་ཡིན་ཏེ། དེ་དག་ནི་ཤིན་ཏུ་ངན་པར་བཤད་དོ། །