གསོ་རིག་གི་ནང་དོན་ཐོར་བུ་གཞན་འགའ།
སྦྲུམ་མའི་ཕྲུ་གུ་བརྟག་པའམ་ཁྱིམ་དེའི་ཕྲུ་གུ་བུ་དང་བུ་མོ་མ་ནིང་གང་ཡིན་བརྟག་པ་ནི། བོད་སྨན་གྱི་གཞུང་དུ་ཕྲུ་གུ་མའི་རྩ་དང་། མངལ་གནས་ཕྲུ་གུ་སྡོད་སྟངས་དང་། ནུ་ཞོ་དང་། མའི་རྨི་ལམ་སོགས་ལས་བརྟག་དགོས་པ་ཡིན། ས་དཔྱད་དུ་ས་ཆུའི་དཔྱད་པ་བརྒྱུད་བུ་དང་བུ་མོའི་དབྱེ་བ་འབྱེད་ཚུལ་འདིས་ཁ་དམར་གདགས་པ་ལ་ཕན་ཐོགས་ཆེ་བར་མངོན། ཆུ་དཔྱད་སྐབས་སུ། ཆུ་དཔྱད་གཡས་ཆུ་ཕོ་ཆུ་ཡིན། བུ་ཕོ་སྐྱེས་ལ་གཡོན་ཆུ་ནི། མོ་ཆུ་རྩ་ནག་ཆུ་ཡིན་པས། བུ་མོ་སྐྱེ་བ་སྤྱིར་བཏང་ཡིན། ཁྱད་པར་རྦ་ཀློང་སྐྱ་འཚུབ་དང་། སྒྲ་ཆེ་རྩུབ་པ་མ་བུ་འདྲེས། བུ་ཕོ་སྐྱེ་ཞིང་སྒྲ་མེད་དམ། འཇམ་དལ་སྨད་འཁྱིལ་མོ་ཆུ་དེ། དེ་ལ་རཀ་ཏའི་མཚོ་མོ་ཟེར། བུ་མོ་སྐྱེ་བ་གཞུང་གི་དོན། དེ་གཉིས་འདྲེས་པ་མ་ནིང་ཆུ། ཞེས་བཤད་པ་དང་། དེ་བཞིན་བྱིས་པ་སོས་མིན་ལ། མདུན་དུ་ཐང་ཆུང་མ་བང་ཡིན། མེད་ན་བྱིས་པ་མི་སོས་པས། ཧ་ཅང་ཆེ་ན་མ་འཆིའོ་ཞེས་ས་དཔྱད་རིན་ཆེན་ཀུན་འདུས་སུ་བཤད། གནམ་དཔལ་བེའུ་འདྲ་ན་ནད་དཀོན་ཞིང་རུས་སྦལ་འདྲ་ན་ཚེ་རིང་བ་དང་། ཟླུམ་པོ་བྱུང་ན་མི་སྒབ་འཕེལ་བ་དང་། ཟླ་གམ་བྱུང་ན་བུད་མེད་ལ་བཟང་བ་དང་། ཡང་བྱ་ཕོའི་ཟེ་བ་འདྲ་ན་མི་སྒབ་འཕེལ་བ་དང་། རི་ཕག་མ་བུ་འདྲ་བས་ཀྱང་བུ་སྒབ་འཕེལ་ལ། མི་རབས་མི་སྟོང་འཕེལ་ས་ལྔ་སྟེ། ཤར་ཕྱོགས་གངས་ཆེན་རྩེ་མོ་ལ་སེང་དཀར་གནམ་ལ་མཆོངས་འདྲ་དང་། ལྷོ་ཕྱོགས་གངས་ཀྱི་རྩེ་མོ་ལ་གཡུ་འབྲུག་གནམ་ལ་མཆོང་འདྲ་དང་། ནུབ་ཕྱོགས་གངས་ཆེན་རྩེ་མོ་ལ་མདངས་ལྡན་རྨ་བྱ་གནམ་མཆོང་འདྲ་བ་དང་། བྱང་ཕྱོགས་གངས་ཆེན་རྩེ་མོ་ལ་རུས་སྦལ་ནག་པོ་གནམ་མཆོང་འདྲ་བ་དང་། མདུན་དུ་ཁྲི་འཕངས་བདེ་ཞིང་ཁུད་པ་བཅས་སོ། ། གཞན་བྱང་ལམ་གྱིས་ན་ཚ་མང་པོ་ལྡང་བ་དང་། ཁྱིམ་སྒོ་ཤར་དང་ལྷོ་ལ་ཕྱོགས་ལ་མི་རྣམས་ནད་མེད་ཚེ་རིང་བ་ལ་སོགས་པ་ཤིན་ཏུ་མང་ནའང་འདིར་དཔེ་མཚོན་ཙམ་ལས་མ་བཀོད་དོ། །