ཨུ་རུ་སུའི་རྒྱལ་ས་མོ་སི་ཀོ་ན་ཡོད་པའི་བོད་སྨན་ཁང་།

སྨན་པ་རོང་ངར་འཇིགས་མེད་རྒྱ་མཚོས་༢༠༠༨ལོ་ལ་བཙུགས་པའི་ཨུ་སོག་བོད་སྨན་ཁང་ནི་ཨུ་རུ་སུའི་རྒྱལ་ས་མོ་སི་ཀོ་ན་ཡོད་པའི་བོད་སྨན་ཁང་གསར་པ་ཞིག་ཡིན་ལ། དེ་རུ་སྨན་པ་༥་ཙམ་གྱིས་ནད་བརྟག་དང་། སྨན་དང་བསྐུ་མཉེ་སོགས་དཔྱད་བཅོས་རིགས་ཕྱག་ལས་གནང་བཞིན་ཡོད་ལ།  སྤྱིར་གྲོང་ཁྱེར་དེ་རུ་ཨུ་རུ་སུ་དང་སོག་པོའི་བོད་སྨན་བཙོང་མཁན་དང་སྒོ་བསྟེན་ཁང་ཆུང་འབྲིང་༥༠ལྷག་ཙམ་ཡོད་ན་ཡང་། ཨུ་སོག་བོད་སྨན་ཁང་ནི་བོད་པ་སྨན་པ་ཞིག་གིས་བཙུགས་པའི་བོད་སྨན་ཁང་ཐོག་མ་ཡིན།
ཨུ་རུ་སུའི་རྒྱལ་ས་མོ་སི་ཀོ་ལ་སྡོད་མི་ཕ་ལམ་ས་ཡ་༡༢་ལྷག་ལས་བརྒལ་ལ་དེ་རུ་དཔལ་འབྱོར་གྱི་སྟོབས་ཀྱང་ཧ་ཅང་ཆེ་བ་དང་། མི་སེར་རྣམས་བོད་སྨན་ལ་དགའ་ཞེན་ཆེ་བས་མ་འོངས་བོད་སྨན་འཕེལ་རྒྱས་ཀྱི་ས་ཆ་གཙོ་བོ་ཞིག་ཡིན།
སྨན་པ་རོང་ངར་འཇིགས་མེད་རྒྱ་མཚོ་ནི་༡༩༧༢ལོར་ཨ་མདོའི་ས་ཁུལ་བླ་བྲང་གི་རོང་ངར་ཡུལ་ཚོ་རུ་སྐྱེས། ཆུང་དུས་ནས་རོང་ངར་དགོན་པར་ཞུགས་ནས་ནང་ཆོས་སྦྱངས། ༡༩༩༡ནས༡༩༩༥བར་དུ་བླ་བྲང་སྨན་པ་གྲྭ་ཚང་དང་བླ་བྲང་བོད་སྨན་ཁང་དུ་གསོ་བ་རིག་པ་སྦྱངས་ལ། ༡༩༩༥ནས༡༩༩༨བར་དུ་བོད་ལྗོངས་གསོ་རིག་སློབ་ཆེན་དུ་ཟབ་སྦྱོང་བྱས། བར་སྐབས་སུ་ཁོང་གིས་རང་དགོན་བསྐྱར་གསོ་དང་ཉམ་ཐག་དབུལ་སྐྱོར། སློབ་གྲྭ་ཉམས་གསོ་སོགས་ཀྱི་གཞན་ཕན་བྱ་བའང་མང་ཙམ་སྤེལ་མྱོང་།
༡༩༩༩ལོར་རྒྱ་གར་ལ་དྭགས་ཟངས་དཀར་དུང་རི་སྨན་ཁང་དུ་སློབ་ཁྲིད་བྱས། ༢༠༠༠ལོར་ཨུ་རུ་སུའི་ཁལ་མིག་སོག་པོའི་ས་ཁུལ་དུ་འབྱོར་ཞིང་དེ་རུ་ཏེ་དགོན་དུ་བོད་སྨན་ཁང་འཛུགས་གཉེར་ཕྱག་ལས་གནང་། རྗེས་སུ་རིམ་གྱིས་ཨུ་རུ་སུའི་ས་གནས་མང་པོར་ཕེབས་ཏེ་སྨན་དོན་རྒྱ་ཆེར་བསྒྲུབས་པ་དང་། དོན་བཟང་རྒྱུན་སྐྱོང་ཡོང་ཆེད་༢༠༠༧ལོར་འཛམ་གླིང་ཨུ་བོད་བྱིས་པའི་ཚོགས་པ་བཙུགས་ནས་གཉོམ་ཆུང་བྱིས་པར་ཕན་ཐོགས་སྒྲུབ་བཞིན་ཡོད་པ་དང་། ཁོང་གིས་བོད་སྨན་སྐོར་ལ་དཔེ་ཆ་བཞི་ཙམ་བྲིས་པ་ཨུ་སྐད་དུ་བསྒྱུར་ནས་དཔར་སྐྲུན་བྱས་ཡོད་དོ།། 

སྨན་པ་འཇིགས་མེད་རྒྱ་མཚོ།

སྨན་པ་འཇིགས་མེད་རྒྱ་མཚོ་དང་ཁོང་གི་ལས་གྲོགས་ལྷན་རྒྱས།

ཁོང་གིས་བོད་སྨན་སྐོར་ལ་དཔེ་ཆ་བཞི་བྲིས་པ་ཨུ་སྐད་དུ་བསྒྱུར་ནས་དཔར་སྐྲུན་བྱས་པ།

སྨན་པ་འཇིགས་མེད་རྒྱ་མཚོས་སློབ་ཁྲིད་གནང་བཞིན་པ།

ཨུ་རུ་སུའི་རྒྱལ་ས་མོ་སི་ཀོ

[ཡོང་ཁུངས་། ངེད་དྲ་བ།] [རྩོམ་པ་པོ། གེ་སར།] [ཟླ་ཚེས། 10-02-02] [ཀློག་གྲངས། ]
དཔྱད་གཏམ།
དཔྱད་གཏམ་སྤེལ་བ།